མེ་སྟོན་ཆེན་པོའི་ལམ་རིམ་ལས། སྔ་ལོ་འདི་དང་སང་ཕོད་ངེས་པ་བཞིན། སྐྱེ་བ་སྔ་ཕྱི་ད་ལྟ་ཡོད་པ་ངེས།
ཞེས་གསུང་ཡོད་པས། སྐྱེ་བ་སྔ་ཕྱི་ཟེར་བ་ནི། ན་ནིང་ད་ལོ་སང་ཕོད། ཡང་ན་ཁ་རྩང་དེ་རིང་སང་ཉིན་ལྟ་བུ་
ཡིན་ཏེ། སྐྱེ་བ་སྔོན་མ་ནི་ཁ་རྩང་། ཚེ་ད་ལྟ་ནི་དེ་རིང་། ཕྱི་མ་ནི་སང་ཉིན། ཤི་ཟེར་བ་ནི་ལུས་སེམས་བྲལ་ཞིང་
འདི་སྣང་འགགས་ནས་གཉིད་ཁུག་པ་ལྟར་དང་། བར་དོ་སྣང་བ་ཤར་བ་ནི་རྨི་ལམ་རྨིས་པ་བཞིན་ཡིན་ལ།
འདས་མ་འོངས་ད་ལྟའི་རྣམ་ཤེས་ཀྱི་རྒྱུན་ནི། དཔེར་ན་སྔ་ཕྱི་མ་ཆད་པ་ཆུ་བོའི་རྒྱུན་དང་གློག་གི་རྒྱུན་ལྟ་བུ་
དང་ད་ལྟ་ནི་གློག་སྐུད་དང་ཆུ་རྒྱུན་གྱི་རྐེད་པ་ལྟར་ཡིན་ལ། དེའི་རྒྱུ་མཚན་གྱིས་ཁ་སང་མཐོང་ཐོས་བྱུང་བ་
དེ་རིང་དྲན་རྒྱུ་ཡོད་ལ། ན་ནིང་དགའ་སྡུག་བྱུང་བ་ད་ལྟ་བརྗེད་མེད། ཆུང་དུས་སློབ་སྦྱོང་བྱས་པ་རྒས་དུས་
ཀྱང་སེམས་ནང་དུ་གནས་ཡོད། སྐྱེ་བ་སྔོན་མའི་ལས་བཟང་ངན་དབང་གིས་མི་སུམ་ཅུར་ལ་བསམ་པ་སུམ་ཅུ།
ཟེར་བ་བཞིན་མི་རེ་ལ་བསམ་པ་བཟང་ངན་རྣམ་རིག་དྲུང་ཞན་དགའ་སྡུག་ཆེ་ཆུང་སྐྱེ་གཟུགས་ཡག་ཞན་ཁ་
ཁ་བྱུང་བ་ནི་སྐྱེ་བ་སྔ་ཕྱིའི་ལས་དང་རྣམ་ཤེས་ཀྱི་རྒྱུན་ལ་འབྲེལ་བ་ཡོད་པའི་རྟགས་ཡང་དག་ཡིན་ལ། དེ་མེད་
ན་གསར་དུ་བཟོས་པའི་འཕྲུལ་འཁོར་གྱི་མི་འདྲ་བ་རང་བྱུང་ལྷན་སྐྱེས་ཀྱི་བསམ་བློ་བཟང་ངན་གང་ཡང་མེད་
དོ། མདོར་ན་སྐྱེ་བ་སྔ་ཕྱི་ད་ལྟ་ཟེར་བ་ནི་ཁ་རྩང་དེ་རིང་སང་ཉིན་ལྟ་བུ་ཡིན་པར་ཤེས་དགོས། དེ་ལྟར་ཤེས་ན་
དགོས་པ་ཅི་ཡོད་ཅི་ཡོད་ཟེར་ན།དཔེར་ན། སྔ་ལོར་འབད་པའི་སྟོན་ཐོག་ད་ལོར་སྤྱོད། སྔོན་ནས་ཚོགས་བསགས་
ད་ལྟ་མི་ལུས་ཐོབ། སང་ཕོད་དོན་དུ་ད་ལྟ་འབད་བརྩོན་བཞིན། ཕྱི་མའི་དོན་དུ་ད་ལྟ་དགེ་བ་སྒྲུབ།སང་ཉིན་དང་
སང་ལོ་མེད་ན་དེའི་དོན་དུ་ད་ལྟ་གྲ་སྒྲིག་བསམ་བློ་འབད་བརྩོན་གང་ཡང་མི་དགོས་པ་བཞིན། ཕྱི་མ་མེད་ན་
དེའི་དོན་དུ་ད་ལྟ་གང་ཡང་སྒྲུབ་དགོས་པ་མི་འདུག་ལ། སང་ཉིན་སང་ལོ་ཕྱི་མ་ཡོད་བཞིན་དུ་དེ་ལ་བསམ་བློ་
གཏོང་མི་ཤེས་མཁན་ནི་དུད་འགྲོ་ལྟ་བུ་རེད། སྐྱེ་བ་ཕྱི་མའི་དོན་སྒྲུབ་པ་ལ། གཙོ་བོ་ད་ལྟ་ལས་རྒྱུ་འབྲས་ཡག་པོ་
སྲུང་དགོས། ལས་རྒྱུ་འབྲས་སྲུང་པ་ལ། དང་པོ་ལས་རྒྱུ་འབྲས་ཟེར་བ་དེ་ཅི་ལྟར་ཡིན་པ་དང་། དེའི་སྨིན་ཚུལ།
སྨིན་སྔ་ཕྱི། སྨིན་ཆེ་ཆུང་། ཚང་མ་ཤེས་དགོས། ངས་བལྟས་ན་འཁོར་འདས་སྣང་སྲིད་སྣོད་བཅུད་ཕྱི་ནང་གིས་
དངོས་པོ་འདི་དག་ཚང་མ། ལས་རྒྱུ་འབྲས་ལས་མ་བྱུང་པ་གཅིག་ཀྱང་མི་འདུག་སྙམ། དཔེ་མཚོན་རེ་གཉིས་ཙམ་
བཀོད་ན། སྡོད་སའི་ཁང་པ་འདིའང་ལས་རྒྱུ་འབྲས་ལས་བྱུང་བ་ཡིན་ཏེ། རྒྱུ་ས་རྡོ་ཤིང་ལྕགས་ལ། རྐྱེན་ས་བརྡུང་
རྡོ་བརྩེགས་ཤིང་གཞོག་ལྕགས་གཅོད་པའི་ལས་བྱས་ནས་འབྲས་བུ་ཁང་པ་སྨིན་པ་རེད། ཡང་ན་རྒྱུ་གྲོ་ནས་སྲན་
གསུམ་ལ་རྐྱེན་དྲོད་གཤེར་ཆུ་ལུད་རྨོ་བཀྲོལ་གྱི་ལས་བྱས་ནས་འབྲས་བུ་འབྲུ་རིགས་རང་རང་སྨིན་པ་དེའང་ལས་
རྒྱུ་འབྲས་རེད། དེ་ཚོ་ཚང་མ་ཕྱི་ཡི་ལས་རྒྱུ་འབྲས་རེད། ནང་གི་ལས་རྒྱུ་འབྲས་ནི་དགེ་སྡིག་གི་འབྲས་བུ་བདེ་སྡུག་
འབྱུང་བ་ཞིག་ལ་ཟེར། དེ་ནི་བུ་རམ་གྱི་མངར་དང་སུར་པན་གྱི་ཁ་ཚ་བཞིན་དངོས་པོ་རང་གི་ཆོས་ཉིད་ཡིན་པ་
མ་གཏོགས་སུ་དང་གང་གིས་བཟོས་པ་མ་ཡིན། དཔེར་ན་ནས་བཏབ་ན་ནས་སྐྱེ། སྲན་མ་བཏབ་ན་སྲན་མ་སྐྱེ་བ་
བཞིན། དགེ་བ་བྱས་ན་བདེ་བ་འབྱུང་། སྡིག་པ་བྱས་ན་སྡུག་བསྔལ་འབྱུང་བ་བསླུ་མེད་ཡིན་ཏེ། ཚེ་འདི་ཞེ་སྡང་
དབང་གིས་སྲོག་བཅད་ན་འབྲས་བུ་སྐྱེ་བ་ཕྱི་མ་དམྱལ་བ་སྐྱེ་བ་དང་། དེ་ནས་ཚེ་འཕོས་རྗེས་མིར་སྐྱེས་ན་ཚེ་ཐུང་
ཞིང་ནད་མང་བ། ཐ་ན་ལུས་ལ་བཀྲག་མདངས་གཟི་བརྗིད་ཉམས་ཞིང་སེམས་ལ་འཇིགས་སྐྲག་དངངས་གསུམ་
གྱིས་མནར་བའོ༎ བཀྲ་ཤིས༎