བླ་མ་རྒྱ་མཚོ་ནོར་བུ་རིན་པོ་ཆེ།།
སྐྱབས་འགྲོ་སེམས་བསྐྱེད་བོན་གྱི་གཞི་མ་ཡིན། གསུངས་པས། བོན་སྒོ་ཕྱི་ནང་གང་ནས་ཉམས་སུ་བླང་
ནའང་ཐོག་མར་སྐྱབས་སེམས་ཀྱི་གཞི་བཟུང་དགོས་ཏེ། ནང་པ་སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་ནི་སྐྱབས་
འགྲོ་ཡིན་པ་དང་། ཐེག་ཆེན་ལམ་གྱི་འཇུག་སྒོ་ནི་སེམས་བསྐྱེད་ཡིན་པས་དེ་གཉིས་ཀྱི་སྒོ་ནས་འཇུག་དགོས།
དང་པོ་སྐྱབས་འགྲོའི་རྒྱུ་ནི་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པ་དང་། དཀོན་མཆོག་ལ་
དེ་སྐྱོབ་པའི་ནུས་པ་ཡོད་པ་ཤེས་པ་དང་། སྐྱབས་སུ་སོང་ཏེ་བློ་གཏད་ན་མི་བསླུ་བར་ཤེས་པའི་ངེས་ཤེས་དེ་
གསུམ་བརྟན་པོ་དགོས་པ་དང་། དཀོན་མཆོག་གི་ཡོན་ཏན་མཐོང་ནས་དེ་ལ་མོས་གུས་ཡིད་ཆེས་ཆེན་པོ་ཡོད་
པའི་དད་པ་དེ་རྒྱུད་ལ་ཡོད་ན། བོན་སྒོ་ཐམས་ཅད་ཕྱེ་བའི་ལྡེ་མིག་ལྟ་བུ་ཡིན་པས། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་
ལ་ཡིད་ཆེས་སྐྱེ་བ་དང་། ཕར་ཕྱིན་དྲུག་དང་། རིམ་པ་གཉིས་ཀྱི་ལྟ་སྒོམ་ཉམས་ལེན་བརྩོན་པ་ནི། མི་འདོད་ཅན་
ནོར་དང་འཕྲད་པ་ལྟར། བསྒྲུབ་པ་ཡིན་པས་ཐོག་མར་དད་པ་དེ་གལ་ཆེ། དད་པའི་ཀུན་ནས་སློང་སྟེ་དཀོན་
མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས། དཀོན་མཆོག་གསུམ་ནི། སྟོན་པ་བླ་མེད་སངས་རྒྱས་དང་། སྐྱོབ་པ་བླ་
མེད་བཀའ་རྒྱུད་བོན། འདྲེན་པ་བླ་མེད་སེམས་དཔའ་གསུམ། ཞེས་གསུངས། སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་
ནི། རང་ཤེས་ཀྱི་སྒོ་ནས། ང་ཚོས་རང་ཤེས་ཀྱི་སྒོ་ནས་འདི་ཕྱི་གཉིས་ཀའི་ཆེད་དུ་ཡང་དག་གི་བདེ་སྐྱིད་སྒྲུབ་
པའི་ལམ་ཞིག་འཚོལ་མི་ཤེས་པས། སངས་རྒྱས་ཀྱིས་དུས་གསུམ་ཅིག་ཆར་དུ་མཁྱེན་ཞིང་། སེམས་ཅན་ཀུན་ལ་
ཕ་མའི་བྱམས་བརྩེ་ལས་སྟོང་འགྱུར་ལས་ལྷག་པའི་མཁྱེན་བརྩེའི་མངའ་བདག་ཡིན་པས། དེས་ང་ཚོ་ལ་ལུས་
ངག་ཡིད་གསུམ་གྱི་འདི་བྱེད་རུང་འདི་བྱེད་མི་རུང་ཞེས་བཟང་ངན་ལམ་སྟོན་མཛད་མཁན་གྱི་དགེ་རྒན་
མཐར་ཐུག །སྐྱབས་སྟོན་པ་པོ་སངས་རྒྱས་གཤེན་རབ་མི་བོ་ཡིན་པའི་དེ་ལ་དགའ་ནས་ཅི་གསུངས་ཉན་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་སེམས་ཅན་ཀུན་ལ་གནོད་པ་སྤང་ཞིང་ཕན་པ་བསྒྲུབ་གང་ཐུབ་ཐུབ་བྱས་ན།
སངས་རྒྱས་ལ་སྐྱབས་སུ་སོངབ་ཡིན། ཁ་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེར་ཞིང་། དོན་ལ་སངས་རྒྱས་ཀྱི་
ཅི་གསུངས་མ་ཉན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་ཡིན། བོན་ལ་སྐྱབས་སུ་འགྲོ་ཚུལ་ནི། སངས་རྒྱས་
ཀྱི་བཀའ་སྡེ་སྣོད་གསུམ་ནང་ཇི་ལྟར་བསྟན་པ་བཞིན་ཉམས་སུ་བླང་ན་རང་གི་ལུས་ངག་ཡིད་གསུམ་གྱི་སྐྱོན་
རྣམས་རིམ་བཞིན་ཟད་དེ། སངས་རྒྱས་དང་སེམས་དཔའི་ཡོན་ཏན་རྣམས་ཐོབ་པ་དང་། དེ་ཐོབ་པའི་ཆེད་དུ་
འཆད་བརྩོད་བརྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་འབད་པ་བྱས་ན་རང་རྒྱུད་ཀྱི་ལས་ཉོན་ཟད་དེ་
གཞན་ལ་ཕན་བདེ་སྦྱིན་ཐུབ་པའི་སྐྱབས་གནས་ངོ་མ་འདི་ཡིན་ལ། བོན་ལ་སྐྱབས་སུ་འགྲོ་ཚུལ་ཡང་དེ་རེད།
བོན་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་གནོད་པ་སྤང་དགོས་པ་རེད། དེ་མ་སྤང་ན་སྐྱབས་འགྲོའི་བསླབ་བྱ་
དང་འགལ་བ་རེད། སེམས་དཔའ་ལ་སྐྱབས་སུ་འགྲོ་ཚུལ་ནི། བོན་དཀོན་མཆོག་ཉམས་སུ་བླང་ཏེ་བསླབ་གསུམ་
རྒྱུད་ལྡན་གྱི་གང་ཟག་སྒོ་གསུམ་གྱི་ལས་སྤྱོད་ཐམས་ཅད་བོན་དང་མཐུན་ཞིང་མཁས་བཙུན་བཟང་གསུམ་དང་
ལྡན་པ་དད་ལྡན་མི་སྐྱ་ཕོ་མོའི་ཀུན་སྤྱོད་བོན་དང་མཐུན་པར་སྣེ་ཁྲིད་བྱེད་མཁན་གྱི་གྲོགས་པོ་བཟང་པོ་ཡིན་ལ།
དེ་ལ་མིག་དཔེ་བལྟ་བཞིན་རྗེས་སུ་ཞུགས་ན་སེམས་དཔའ་ལ་སྐྱབས་སུ་འགྲོ་ཚུལ་ཡིན། དེའི་ལྟ་སྤྱོད་ལ་མི་མོས་
མཁན་གྱི་སྡིག་གྲོགས་བརྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་ཡིན།