ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྣང་ཞིག་དགོན་པ། 
[ 2011/12/8 14:18:00 | By: ཨ་ཚེ་རིང་། ]
 



སྣང་ཞིག་དངུལ་སྐུ་དགོན།

རིག་གསར་རྗེས་ཀྱི་སྣང་ཞིག་དངུལ་སྐུ་དགོན་པའི་ལོ་རྒྱུས་གནད་བསྡུས།

བླ་རབས་ཉེར་གསུམ་པ། བློ་གྲོས་བསྟན་འཕེལ་ནི་རབ་བྱུང་བཅོ་ལྔ་པའི་ས་རྟ་ལོ་༼སྤྱི་རྩིས་༡༩༧༨༽ལ་སྣང་ཞིག་གི་རྒྱལ་ཚབ་ཏུ་བཀོད་ནས་བླ་མའི་ཁྲི་ལ་ཕེབས། ཟིང་ཆུ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཨ་བཙས་བདེ་ཐང་དུ་སྣང་ཞིག་དགོན་པ་བསྐྱར་དུ་བཞེངས། དེ་གར་འདེབས་པའི་རྒྱུ་མཚན་ནི། སྔོན་ཆད་བླ་མ་ཤེས་རབ་བསྟན་འཛིན་གྱིས་གདན་ས་གཟིགས་པས་རྟགས་རིལ་བབས་པ་ལ། གྲོང་སྡེའི་མི་རྣམས་མ་འཐད་ཕྱིར་འགྲིག་མ་བྱུང༌། རྗེས་སུ་སློབ་མས་ཐུགས་ལ་དེ་ལྟར་དགོངས་ནས་སྣང་ཞིག་དགོན་གྱི་སྐྱ་སེར་ཀུན་བསྡུས་ནས་གྲོས་བྱས་ཏེ་གྲོས་འཆམ་བྱུང་རྗེས།  རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོ་༼སྤྱི་རྩིས་༡༩༨༦༽ལ་དགོན་པ་དེ་རུ་བཏབ་པའོ། །

བསྟན་པའི་སྦྱིན་བདག་ཆེན་པོ་ནི། ཁྲི་སྨིན་ཁ་ལེབ་བསོད་གོ  འ་ཞ་སྣང་ཞིག  གྲུབ་པ་ཚེ་དབང་རྒྱལ།  ཚ་ཕྲུག་དཔལ་གོ  དེ་བཞིས་གཙོ་བོ་བྱས་པ་ལ། བླ་མ་དང་གྲྭ་པ། སྐྱ་སེར་ཕོ་མོ་ཀུན་གྱིས་རང་མོས་དད་པའི་སྒོ་ནས་འབད་བརྩོན་བྱས་པས་ལོ་གཅིག་གི་རིང་ལ་དགོན་པ་དང་ཇ་ཁང་སོགས་གྲུབ་པའོ། །སྦྱིན་བདག་དད་པ་ཅན་འགའ་ཞིག་གིས་མཆོད་རྫས་དང་རྔ་གཤང་དུང་གླིང་རྒྱལ་མཚན་འཕན་གདུགས། ལྷ་ཆ།  འཆམ་གོས་འབྲུག་རིས་ཅན་ཆ་བརྒྱད།  ཞལ་འབག  ཞྭ་ནག་རྩེ་གྲ་ཅན་བརྒྱད།  བཀའ་འགྱུར་སོགས་ལོ་གཅིག་གི་རིང་ལ་གྲུབ།  དགེ་སློང་དམ་པ་དེ་ཉིད་སྤྱི་རྩིས་༡༩༩༢ལོ་ལ་སྐུ་གཤེགས་སོ། །

བླ་རབ་ཉེར་བཞི་པ། སྤྲུལ་སྐུ་ཤེས་རབ་འོད་ཟེར་ནི། ཧ་སྨིན་གྲོང་བ། ཡབ་གདུགས་དཀར་སྐྱབས་དང་ཡུམ་བྱམས་གོ་གཉིས་ལ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་ལོ་༼སྤྱི་ལོ་༡༩༧༡༽ལ་སྐུ་འཁྲུངས། ཆུང་བའི་དུས་ན།  དགེ་ལ་དད་པ། སྙིང་རྗེ་ཆེ་བ། སྲོག་ཆགས་གང་ལའང་གནོད་འཚེ་མི་གཏོང་བ། བྱིས་པ་གཞན་དང་མི་འདྲ་བ། སྲག་ཆགས་གང་ལའང་གནོད་འཚེ་མི་གཏོང་བ། བྱིས་པ་གཞན་དང་མི་འདྲ་བ། རྟག་ཏུ་དབང་སྐུར་བ་དང༌། བཀའ་འཆད་པའི་ཚུལ་འཆང་བ་ལགས།  དགུང་གྲངས་བདུན་པའི་དུས་ནས་ཡབ་ཀྱི་དྲུང་དུ་ཀ་ཁ་སློབ་པ་དང༌། གྲོང་སྡེའི་དགེ་རྒན་དམ་པ་རྣམས་ཀྱི་དྲུང་དུ་ཐ་སྙད་མང་པོ་གསན་ཞིང༌། ཚིག་དོན་གྱི་གོ་བ་རྒྱ་ཆེན་པོ་བྱུང༌། ཞོར་དུ་རྒྱ་ཡིག་ཅུང་བསླབ།  ཉིན་ཞིག་ལ་སྣང་ཞིག་ལྕགས་མདུད་རིན་པོ་ཆེས་དགེ་སློང་ཤེས་རབ་དབང་རྒྱལ་ལ་ཁྱེད་ཚང་གི་བླ་མ་དམ་པ་དེ་ཉིད་ཧ་སྨིན་གདུགས་དཀར་སྐྱབས་ཀྱི་སྲས་སུ་འཁྲུངས་ནས་དགུང་ལོ་བདུན་ཙམ་ལོན་འདུག  ངོས་འཛིན་གྱིས་ཞེས་གསུངས་པ་དང་དགེ་རྒན་གྱིས་ཐེ་ཚོམ་ཟ་ནས་ལོ་འགའ་ལ་བཞག  ཡང་ཉིན་ཞིག་ཨ་བཙས་དགེ་རྒན་ཤ་སྐྱ་ལ་དེ་ལྟར་གསུངས་པས་དེས་གཞན་ལ་བསྒྲགས། དགུང་གྲངས་བཅོ་ལྔའི་དུས་ཤིང་ཕོ་གླང་ལོ་༼སྤྱི་རྩིས་༡༩༨༥༽ནས་སློབ་དཔོན་བསྐལ་བཟང་དར་རྒྱས་དྲུང་ནས་རྗེ་རིན་པོ་ཆེས་མཛད་པའི་ཚད་མ་དང༌། མཁན་ཉི་མས་མཛད་པའི་བསྡུས་གྲྭ་ལ་སོགས་པ་སྦྱངས་པས་མཐར་ཐུག་པར་གྱུར། ལོ་འཁོར་བརྒྱད་ཀྱི་རིང་ལ་སུམ་རྟགས་དང་དག་ཡིག  རྩིས་རིག  མཚན་ཉིད་རྩོད་པ།  གཞུང་ཕར་ཕྱིན་བཅས་ལ་སྣེ་མོ་རུ་རྟེན་འབྲེལ་མེ་ཏོག་འཐོར་བའི་བཀྲ་ཤིས་སྨོན་ལམ་དང་བཅས་པ་གྲུབ་པའོ། །

དེ་ནས་བཟུང་ལོ་གསུམ་ལ། ཤར་རྫའི་སྒྲུབ་གྲྭ་རུ་བཞུགས་ནས་ཨ་སྙན་རྫོགས་གསུམ་དང༌། རྩ་རླུང་ཐུན་གསུམ་ཀུན་ལ་ཁྲིད་རིམ་གཞི་ལམ་འབྲས་རྒྱུན་དང༌།  བྲུ་ཞུ་སྤར་རྨེའུ་དང་གཤེན་ཁྱུང་རྣམས་ཀྱིས་མཛད་པའི་ཁྲིད་རིམ་ཀུན་ལ་གསན་པ་རེད།  དབང་ལུང་དང་བཀའ་ལུང་ཀུན་ལ་རྗེས་གནང་ཐོབ།  ཆུ་སྤྲེལ་ལོ་༼སྤྱི་རྩིས་༡༩༩༢༽ལ་སྣང་ཞིག་བླ་མ་བློ་གྲོས་བསྟན་འཕེལ་དང༌།  དགེ་རྒན་ཤེས་རབ་དབང་རྒྱལ་རྣམ་གཉིས་གཙོ་བོ་བྱས་ནས་སེར་སྐྱ་ཀུན་གྱིས་མི་འགྱུར་གདོང་ལྔའི་ཁྲི་སྟེང་དུ་གསོལ་བ་ལགས།  རྩ་བའི་ལྷ་གྲོགས་དམ་པ་རིན་སྤུངས་པ་འགའ་ཡིས་ཞབས་འདེབས་ཕུལ་པ་ནི། ཨེ་མ་ཧོ།  ཤེས་བྱའི་གནས་ཀུན་མ་ལུས་མངའ་བརྙེས་པ། །རབ་འབྱམས་མཁས་མང་ཀུན་གྱི་སྲས་གཅིག་པོ། །མཁྱེན་བརྩེ་རྣམ་དག་འོད་ཟེར་ཀུན་ནས་སྤྱད།  །རྣམ་སྤྲུལ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །གང་སྐུ་མི་འགྱུར་བསྐལ་བརྒྱར་རབ་བརྟན་ཞིང༌། །གཤེན་བསྟན་རྒྱལ་མཚན་སྲིད་མཐར་བསྒྲེང་གྱུར་ཅིག །ཅེས་ཤར་བ་ཁྲི་སྐྱང་གསུམ་དང༌། དགོན་ཁག་ལྔ།  ཟིང་ཆུང་དགོན་ལག་བཅུ་གསུམ།  རྔ་བ་སྣང་དགོན། ཇོ་བློ་དགོན།  བབ་བཟོ་མདའ་ཆེན་དགོན།  ཨ་བསམ་ཡས་དཀར་ཆག་ཆེན་མོཧད་སྐྱང་ཚང་དགོན། ཞང་ངུ་བསམ་འགྲུབ་དགོན། བབ་བཟོ་བསམ་འགྲུབ་དགོན། ཟིང་ཆུ་རྫོང་གི་ལས་བྱེད་པ་མང་པོ།  རྒྱ་བོད་སྐྱ་སེར་ཀུན་གྱིས་བསྟོད་འབྲེལ་དང་བསྟོད་བསྔགས། གླུ་གར་བསྒྱུར་བ་དང་མཆོད་ཚོགས་འབུལ་བ།  ཕྱག་འཚལ་བ། མོས་གུས་བྱེད་པ།  རྔ་གཤང་དུང་གླིང་གི་དབྱངས་དགྱེས་པ།  རོལ་མོས་བསུ་བ། བཀྲ་ཤིས་པའི་སྨོན་ལམ་བཏབ་པ། ལ་ལས་མར་མེ་འབུལ་བ།  ལ་ལས་ཚན་ཆབ་འབུལ།  ལ་ལས་སྤོས་བསང་འབུལ།  ལ་ལས་ཞལ་ཟས་འབུལ། ལ་ལས་མེ་ཏོག་འབུལ།  སྣང་ཞིག་གི་བླ་མ་གྲྭ་པ་མི་དམངས་ཚོགས་རྣམས་ཀྱིས་རྒྱལ་མཚན་བསྒྲེངས་ཤིང་སེང་གེ་དང་གར་འཆམ་རྩེད་དེ་མདུན་ནས་བསུས་པ་དང༌།  དགོན་ཁག་གི་འཚོགས་འདུ་གྲྭ་པ་ཀུན་གྱིས་རྒྱབ་ནས་བསྐྱལ།  རྟེན་འབྲེལ་སྨོན་ལམ་ཀུན་དགའ་འགྲུབ་པ་པ་དང༌། སྤྲུལ་པའི་སྐུ་མཆོག་དེ་སྐྱེ་བོ་ཀུན་གྱི་ཡིད་འོང་བས་གུས་བཀུར་ཆེན་པོར་བྱས་པའོ། །

ཤིང་ཕག་ལོ་༼སྤྱི་ལོ་༡༩༩༥༽ལ་གཡུང་དྲུང་གླིང་ཤེས་རབ་བསྟན་འཛིན་དང་ཀུན་བཟང་བློ་གྲོས་གཉིས་ཀྱི་ཞབས་དྲུང་དུ་སླར་ཡང་སྡོམ་པ་བླངས། བླ་མ་དང་གྲྭ་པ་ཀུན་ལ་རྒྱུ་ནོར་འབུལ་བ་དང་འཚོ་བ་དྲངས་ནས་ཁྲི་ལ་ཕེབས། དེ་དུས་བསྟོད་ཚིག་ཤོ་ལོ་ཀ་གཅིག་ཕུལ་ཡོད་ཀྱང་གྲྭ་པས་ཉར་ཚགས་མ་བྱས། གྲྭ་པའི་དགོན་གོང་འོག་གསུམ་ལ་ལེགས་པར་བཏང༌།  ཡར་གཤེན་དར་ལྡིང་ལ་ཕེབས། གཤེན་སྲས་ནོར་བུ་དབང་རྒྱལ་སྐུ་མདུན་ནས་དབང་ལུང་མང་པོ་གསན། དེ་ནས་མར་གནམ་མཚོ་གསང་བ་གཡུ་རྩེ་རུ་ཕེབས། སྐྱེ་སྔོན་གྱི་རི་ཁྲོད་ལ་བཞེངས་གསོལ་བྱས། སྔོན་གྱི་སྦྱིན་བདག་རེ་འགའ་ལ་སྔོན་འཛིན་བྱས། ཡང་ཕ་ཡུལ་དུ་ཕེབས།  ཚོགས་ཁང་ཆེན་མོ་ཚོན་མདངས་བརྒྱན། གླིང་བསྐོར་ལ་གསེར་འཁོར་བཞེངས།  ལོ་ཕྱི་མ་ལ་ཡང་ལྷ་ས་ལ་ལན་གཅིག་ཕེབས། རི་ཁྲོད་གསང་བ་གཡུ་རྩེ་ནས་ལྷ་ཆ་མཆོད་རྫས་བླུས་པ་དང༌། གཟུགས་སྐུ་ཐང་ཀ་རེ་འགའ་བླུས་ཤིང་འགྲོ་དོན་མཛད་པའོ། །

མཐོ་ལྡན་ཞེས་པ་ཆུ་ཕོ་སྤྲེལ་གྱི་ལོ་༼སྤྱི་ལོ་༡༩༩༢༽ནས་བཟུང་སྤྲུལ་པའི་སྐུ་མཆོག་ཤེས་རབ་འོད་ཟེར་གྱི་སྐུ་དྲིན་གྱིས་སྣང་ཞིག་ཚོགས་ཁང་སྟེང་དུ་གསེར་ཏོག་དང་རྒྱལ་མཚན།  མདུན་ཕྱོགས་སུ་རི་དྭགས་ཕོ་མོ་བོན་འཁོར་དང་ལྡན་པ།  ནང་དུ་ཀ་སུམ་བཅུ་སོ་དྲུག་ལ་ཀ་ཚར་ཤིང་ལོ་པ་ཏྲ་འབྲུག་ཁྱུང་སེང་གེ་རྨ་བྱ་གྱད་ཤིང་སོགས་བཟོས་པ་དང་དུ་ཏྲི་སུ་ཡི་ལྷ་བྲང༌།  བྱམས་ཁང་ལ་མི་མཐུན་གཡུལ་ལས་རྣམ་རྒྱལ་དང་ལྡན་པ་ལ་གསེར་དང་ཚོན་མདངས་སྣ་ཚོགས་ཀྱིས་མདངས་བྱུག་པ།  ནང་རྟེན་དུའང་གསེར་གདུང་དངུལ་གདུང་ཆེན་མོ་དང་རྟེན་མཆོག་དངུལ་སྐུ་ཆེན་མོ་ལ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་ཡོད་པའི་རྟེན་མཆོག་ཁྱད་པར་ཅན་དང༌། སངས་རྒྱས་སྟོང་སྐུ་སོགས་སྐུ་གཟུགས་ཆེ་ཆུང་གྲངས་མང་དང༌།  བཀའ་འགྱུར་ཚར་གཉིས་དང་བརྟེན་འགྱུར་ཚར་གཅིག  རས་བྲིས་ཀྱི་ཐང་ཀ་ཆེ་ཆུང་གྲངས་མང༌།  གསེར་དངུལ་གྱི་སྤོས་ཕོར།  མནྚལ་བཞི།  ཀོང་བུ་ཆེ་ཆུང་སོགས་གྲངས་མང༌།  འཁར་རྔ་སྦུག་ཆལ་དུང་གླིང་འཕན་གདུགས་རྒྱལ་མཚན་སོགས་ལྷ་ཆ་དང་མཆོད་རྫས་སོགས་མང་པོ་བསྒྲུབས་པ། སྟེང་སྒྲུབ་ཁང་ལ། རྔ་གཤང་དུང་གླིང༌། ཆབ་ཀ་དྲག་པོའི་དཔལ་འབར་རམ་འབར་འབུམ་འབར་ལ་སོགས། དྲག་པོའི་བོན་བསམ་གྱིས་མི་ཁྱབ།  ཡི་དམ་དབལ་ཕུར་ཞུང་གསུམ་སྐུ་བརྙན་བཀའ་སྐྱོང་ཀུན་གྱི་སྐུ་བརྙན་བྱིན་ཅན། གོས་དར་སྣ་ཚོགས་ཀྱི་སྙན་ཤལ་དང་རྟེན་མདུང་རྟེན་འཁོར་བཅས་ཡོད།  མདུན་དུ་འཆམ་ར་དང་རྔ་གྲལ། གཡོན་དུ་ཇ་ཁང༌། བང་མཛོད་ཁང༌། འབྲུ་ཁང༌།  སྣེ་ལེན་ཁང༌། ནང་དུ་འཚོགས་ཟངས་ཇ་བྲ་ཐུ་ཟ་ཐུ་ཐོམ་བཅས་གྲངས་མང་ཡོད། དགོན་པའི་ལྕགས་རིའི་ནང་དུ་ནང་ཆེན་བླ་བྲང༌། གྲྭ་ཁང༌། ནང་དུ་སྐུ་གསུང་ཐུགས་རྟེན་གྲངས་མང་ཡོད།  ལྕགས་རི་ལ་ལག་འཁོར་ཆེ་ཆུང་དྲུག་བརྒྱ་ལྷག་ཙམ་ཡོད།  ཞལ་འབག་དང༌།   འཆམ་གོས།  རྩེ་གྲ། ཕུར་པ་ཕྱག་མཚན་བཅས་ཆ་ཚང་བ། ལྕགས་རིའི་ཡར་ཟུར་དུ་ཤར་རྫའི་སྒྲུབ་གྲྭ་ཆེན་མོ་དང་གཡོན་དུ་དཔེ་ཁྲིད་ཁང༌།  གཡས་སུ་སྒྲུབ་ཁང༌།  ནང་དུ་སྐུ་བརྙན་སྣ་ཚོགས།  རྔ་གཤང་དུང་གླིང་ཏམ་བུ་ར།  ཐོ་ཕོ་སྨན་རག་ཡི་དམ་གྱི་དཀྱིལ་འཁོར་ཚོགས།  བཀའ་སྐྱོན་མ་བདུད་བཙན་གསུམ་གྱི་སྐུ་བརྙན།  གསུང་འབུམ་སོགས་ཡོད་པ། དགུང་གྲངས་སོ་གཉིས་ལ་༼སྤྱི་རྩིས་༢༠༠༢༽རང་ཉིད་ཀྱི་བླ་བྲང་གསར་བསྐྲུན་མཛད་པའོ། །

འཚོགས་མཁན་གྲྭ་པ་བརྒྱད་ཅུ་གྱ་དྲུག་ཡོད།  ཧོར་ཟླ་དང་པོའི་ཚེས་བཞི་ནས་དྲུག་གི་བར་རྗེ་རིན་པོ་ཆེའི་འདས་མཆོད་དང༌། དགུ་ནས་བཅུ་གཅིག་བར་དུ་དབལ་གསས་སྒྲུབ་པ།  ཉེར་བདུན་ནས་ཧོར་ཟླ་གཉིས་པའི་ཚེས་གཅིག་བར་དུ་མ་རྒྱུད་དང༌།  བཅུ་གསུམ་ནས་བཅུ་དྲུག་བར་དབྱར་གནས་སྲུང་ལ།  ཧོར་ཟླ་གསུམ་པའི་ཚེས་ཉེར་གསུམ་ཧོར་ཟླ་བཞི་པའི་ཚེས་གཅིག་གི་བར་དུ་ཏྲི་སུ་ཡི་སྒྲུབ་པ།  ཧོར་ཟླ་ལྔ་པའི་ཚེས་ལྔ་ནས་བརྒྱད་བར་ལ་རྣམ་རྒྱལ་སྟོང་མཆོད།  ཧོར་ཟླ་དྲུག་པའི་ཚེས་དགུ་ནས་བཅུ་གཅིག་གི་བར་དུ་ཀློང་རྒྱས་སྒྲུབ་པ། ཧོར་ཟླ་བརྒྱད་པའི་ཚེས་དྲུག་ནས་ཉེར་དགུ་བར་ལ་སྟག་ལྷའི་སྒྲུབ་པ།  ཧོར་ཟླ་དགུ་པའི་ཚེས་བཅུ་བདུན་ནས་བཅུ་དགུ་བར་ལ་ཁྲོ་ཕུར། ཧོར་ཟླ་བཅུ་གཅིག་པའི་ཚེས་དྲུག་ནས་བརྒྱད་བར་ལ་སྐྱབས་མགོན་རིན་པོ་ཆེའི་འདས་མཆོད།   ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ནས་ཉེར་དགུའི་བར་ལ་དགུ་གཏོར་མཛད་པ་ལ་གྲྭ་པ་རྣམས་འཚོགས་སྒོ་ནི་སྤྲུལ་སྐུ་རིན་པོ་ཆེས་མཛད་པ་གསར་པ་བཙུགས་སོ། །

 
 
Re:སྣང་ཞིག་དགོན་པ།
[ 2011/12/12 14:31:33 | By: སྐུ་མགྲོན་LPGr37(སྐུ་མགྲོན) ]
 
སྐུ་མགྲོན་LPGr37(སྐུ་མགྲོན)ཨ་ཚེ་རིང་ལགས་ཧི་བོན་ཟིན་བྲིས་སུ་གཞི་བཟུང་བར་བཀྲ་ཤིས་བདེ་ལེགས།
སྐྱང་ཁ་མ་ཚང་ནས།
 
 
Re:སྣང་ཞིག་དགོན་པ།
[ 2011/12/11 10:44:55 | By: སྐུ་མགྲོན་H4Do26(སྐུ་མགྲོན) ]
 
སྐུ་མགྲོན་H4Do26(སྐུ་མགྲོན)གནས་ཚུལ་ཚང་མ་ཡག་མོ་བྲིས་གནང་འདུག་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་གནས་ཚུལ་གཅིག་འདི་ལྟར་བྲིས་གནང་འདུག་པས་རང་ལུགས་ཡིན་པ་ཞལ་གྱིས་བཞེས་ཐུབ་བམ། ༼བཅུ་གསུམ་ནས་བཅུ་དྲུག་བར་དབྱར་གནས་སྲུང་ལ།༽དབྱར་གནས་དང་དགག་དབྱེ་ཞེས་པ་ནི་གཞན་སྡེའི་ལུགས་ཡིན་ཅིང་རང་ལུགས་ཚད་ལྡན་དང་ཚུལ་མཐུན་ཞིག་དགོས་ན་་་དཀའ་ཐུབ་་་ཅེས་པ་དེ་སྲུང་དགོས་པ་གསུངས་ཡོད་པས་དེ་ཡང་འདི་ལྟར། ༧ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གིས་མཛད་པའི་འདུལ་བའི་རྩ་གཞུང་ཞིག་སྔོན་མ་བློ་ལ་ལེན་མྱོང་བས་ཚིག་དེ་གསལ་ལེར་དྲན་བཞིན་འདིར་འགོད་པར་བྱ། ༼གཞན་ལ་ལྟོས་མེད་གཤེན་རབས་རྗེས་བསླབ་ན། བསྙེན་པ་རྫོགས་རྗེས་དཀའ་ཐུབ་གསུམ་དུ་འབད།༽ དག་ནོར་བྱུང་ཡོད་ན་དགོངས་འགལ་མེད་པ་ཞུ། རླུང་འཚུབ་ཀྱིས
 
 
Re:སྣང་ཞིག་དགོན་པ།
[ 2011/12/10 10:34:55 | By: triyungblog ]
 
triyungblogགྲོགས་པོ་ཟིན་བྲིས་སུ་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ།
ཁྲི་གཡུང་དྲུང་བས།
 
 
Re:སྣང་ཞིག་དགོན་པ།
[ 2011/12/10 1:25:22 | By: atongringayl ]
 
atongringaylཨ་ཚེ་རིང་ལགས་ཐོག་མར་ཁྱེད་དྲྭ་ཐོག་ཏུ་ཕེབས་པ་འཚམས་འདྲི་བཀྲ་ཤིས་བདེ་ལེགས།
དགའ་བསུ་དང་ཡིད་རངས་ཡོད།
ཨ་ཀྲོང་རིན་རྒྱལ་པས་འཕགས་ཡུལ་སྨན་གླིང་ནས།
 
 
Re:སྣང་ཞིག་དགོན་པ།
[ 2011/12/9 23:47:51 | By: tibetmonk ]
 
tibetmonkཨ་ཚེ་རིང་ལགས་ནས་སྣང་ཞིག་དངུལ་སྐུ་དགོན་པའི་རིག་གསར་རྗེས་ཀྱི་ལོ་རྒྱུས་བཀོད་གནང་བར་བཀའ་དྲིན་ཆེ་ཞུ།
 
 
Re:སྣང་ཞིག་དགོན་པ།
[ 2011/12/9 14:12:46 | By: danzengyixi ]
 
danzengyixi

བལྟས་ཟིན། དེ་རིང་་གནས་འདིར་མཇལ་བར་དགའ་སྤྲོ་ཆེའོ། །
མུ་མཐུད་ནས་སྤེལ་ཡོང་བའི་རེ་སྒུག་ཡོད།
ངོ་ཤེས་རྙིང་པ་བསྟན་འཛིན་ཡེ་ཤེས་དེས།
 
 
Re:སྣང་ཞིག་དགོན་པ།
[ 2011/12/9 10:38:11 | By: yongzhou ]
 
yongzhouཨ་ཚེ་རིང་ལགས་ཀྱི་ཚོང་ལས་བར་གསེང་སྤྱད་དེ་ཧི་བོན་ཟིན་བྲིས་སུ་ཕེབས་དགའ་བསུ་ཞུ་བ་ཡིན།
ཡ་བྲང་གཡུ་འབྲུག་གིས།
 
 
Re:སྣང་ཞིག་དགོན་པ།
[ 2011/12/9 8:41:43 | By: སྐུ་མགྲོན་NRIu48(སྐུ་མགྲོན) ]
 
སྐུ་མགྲོན་NRIu48(སྐུ་མགྲོན)ཨ་ཚེ་རིང་གི་དྲ་བ་ལ་བཀྲ་ཤིས་ཁ་གཡང་འབོད།གཙང་ཚ་པས།
 
 
Re:སྣང་ཞིག་དགོན་
[ 2011/12/8 22:33:26 | By: sherab ]
 
sherabཡག་པོ་ཞིག་གསུངས་འདུག་པའི་དངོས་གནས་ཡིན།
མཁས་བུ་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.