གྲྭ་ས་གོང་འོག་ཁག་གི་མཁན་རབས་བླ་བརྒྱུད་ག་འདྲ་བྱུང་ངམ།
དུས་ཕྱིས་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་ཞེས་པ་ནི་གཏེར་སྟོན་བརྒྱ་རྩའི་གཙོ་བོ་སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་དང་། གྱེར་མི་ཉི་འོད། རྨ་སྟོན་སྲིད་འཛིན། དབྱིལ་སྟོན་ཁྱུང་རྒོད་རྩལ་བཅས་ཡིན་ལ་ཁོང་རྣམས་ཀྱིས་གཏེར་ཞལ་ཕྱེས་པ་ནས་བཟུང་བསྟན་པ་ཕྱི་དར་གྱི་དབུ་བརྙེས་ཤིང་། དེ་དག་གི་ནང་ནས་གཏེར་སྟོན་གཤེན་ཆེན་ཀླུ་དགའི་བུ་སློབ་མང་པོ་ཡོད་ཀྱང་། ཐུགས་སྲས་དམ་པ་བསྟན་པ་ལ་བཀའ་དྲིན་ཆེ་བ་ནི་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་། བྲུ་ཤ་ཁྱུང་གི་རྒྱལ་མཚན། དབང་ལྡན་ཞུ་ཡས་ལེགས་པོ། སྤ་སྟོན་དཔལ་མཆོག་བཟང་པོ་བཅས་ལ་བྲུ་ཞུ་སྤ་གསུམ། ཁོང་རྣམས་ཀྱི་སློབ་བརྒྱུད་འདུལ་སེམས་གཉིས་ཀའི་སྒོ་ནས་འགྲོ་ལ་བཀའ་དྲིན་ཆེ་བ་རྨེའུ་དགོངས་མཛད་རི་ཁྲོད་ཆེན་པོ་དང་རྨེའུ་ལྷ་རི་གཉེན་པོ། མཁས་པ་དཔལ་ཆེན་སོགས་བྱོན་ནས་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་ཞེས་མཚན་སྙན་ཡོངས་སུ་གྲགས། དེ་དག་གི་ནང་ནས་རྒྱུད་འཛིན་མཁས་གྲུབ་མང་པོས་རིང་ལུགས་རྨ་མེད་འཛིན་སྐྱོང་སྤེལ་གསུམ་བྱས་པའི་སྒོ་ནས་འགྲོ་དོན་རྒྱ་ཆེ་ཤོས་ནི་རྒྱལ་བ་བྲུའི་རིང་ལུགས་འདི་ཉིད་ཁྱད་པར་འཕགས་པ་ཞིག་བྱུང་། བྲུའི་རིང་ལུགས་འཛིན་མཁན་ཐོག་མར་གཡས་རུ་དབེན་སའི་སྟོན་པ་བཅོ་བརྒྱད་དམ་མཁས་གྲུབ་བཅོ་བརྒྱད་ནི།
༡ བྲུ་ཆེན་ནམ་མཁའ་གཡུང་དྲུང་།
༢ བྲུ་ཤ་ཁྱུང་གི་རྒྱལ་མཚན།
༣ བྲུ་རྗེ་གཡུང་དྲུང་བླ་མ།
༤ བྲུ་སྟོན་ཉི་མ་རྒྱལ་མཚན།
༥ མཚན་ལྡན་གཡོར་པོ་མེ་དཔལ།
༦ གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན།
༧ འ་ཞ་བདུད་རྩི་རྒྱལ་མཚན།
༨ འགྲོ་མགོན་བློ་གྲོས་རྒྱལ་མཚན།
༩ མཉམ་མེད་འདུལ་བ་རྒྱལ་མཚན།
༡༠ བྲུ་སྟོན་རྒྱལ་བ་གཡུང་དྲུང་།
༡༡ རྟོགས་ལྡན་ནམ་མཁའ་འོད་ཟེར།
༡༢ མཐའ་བྲལ་བསོད་ནམས་རྒྱལ་མཚན།
༡༣ མཚུངས་མེད་བསོད་ནམས་བློ་གྲོས།
༡༤ མཁས་གྲུབ་ནམ་མཁའ་བསོད་ནམས།
༡༥ སྤྲུལ་སྐུ་ཚེ་དབང་རྒྱལ་མཚན།
༡༦ མཁས་བཙུན་ནམ་ནཁའ་རིན་ཆེན།
༡༧ མཚན་ལྡན་རྣམ་རྒྱལ་ཀ་ར།
༡༨ མཁས་གྲུབ་རིན་ཆེན་བློ་གྲོས་བཅས་སོ།།
༈ དེ་རྗེས་དཔལ་ལྡན་རྒྱལ་བ་སྨན་རིའི་མཁན་རབས་སོ་གསུམ་ནི།
༡ མཉམ་མེད་ཤེས་རབ་རྒྱལ་མཚན།
༢ རྒྱལ་ཚབ་རིན་ཆེན་རྒྱལ་མཚན།
༣ ནམ་མཁའ་ཡེ་ཤེས།
༤ ཀུན་བཟང་རྒྱལ་མཚན།
༥ རིན་ཆེན་རྒྱལ་མཚན།
༦ ཚུལ་ཁྲིམས་རྒྱལ་མཚན།
༧ བསོད་ནམས་ཡེ་ཤེས།
༨ བསོད་ནམས་གཡུང་དྲུང་།
༩ ཤེ་ཙུ་དྲུང་མུ།
༡༠ ཤེས་རབ་འོད་ཟེར།
༡༡ གཡུང་དྲུང་ རྒྱལ་མཚན།
༡༢ ཤེས་རབ་བློ་གྲོས།
༡༣ ཤེས་རབ་འོད་ཟེར།
༡༤ གཙུག་ཕུད་འོད་ཟེར།
༡༥ གཡུང་དྲུང་ཚུལ་ཁྲིམས།
༡༦ རིན་ཆེན་འོད་ཟེར།
༡༧ རིན་ཆེན་ལྷུན་གྲུབ།
༡༨ ཤེས་རབ་བསྟན་འཛིན།
༡༩ ཤེས་རབ་དབང་རྒྱལ།
༢༠ གཡུང་དྲུང་དབང་རྒྱལ།
༢༡ ཕུན་ཚོགས་རྣམ་རྒྱལ།
༢༢ བསོད་ནམས་བློ་གྲོས།
༢༣ ཉི་མ་བསྟན་འཛིན།
༢༤ བསོད་ནམས་ཕུན་ཚོགས།
༢༥ ཤེས་རབ་གཡུང་དྲུང་།
༢༦ སངས་རྒྱས་བསྟན་འཛིན།
༢༧ བསྟན་འཛིན་ཚུལ་ཁྲིམས།
༢༨ ཕུན་ཚོགས་བློ་གྲོས།
༢༩ རྒྱལ་བ་བློ་གྲོས།
༣༠ བསྟན་པ་བློ་གྲོས།
༣༡ ཉི་མ་དབང་རྒྱལ།
༣༢ ཤེས་རབ་བློ་གྲོས།
༣༣ ལུང་རྟོགས་བསྟན་པའི་ཉི་མ་བཅས་སོ།།
དེ་ནས་དཔལ་ལྡན་མཁར་སྣ་བསམ་བརྟན་གླིང་གི་བླ་རབས་ལྔའམ་བདུན་ནི།
༡ འགྲོ་མགོན་ཤེས་རབ་གཡུང་དྲུང་།
༢ རྒྱལ་ཚབ་བསོད་ནམས་སེང་གེ
༣ རྒྱལ་ཚབ་རྒྱལ་བ་གཡུང་དྲུང་།
༤ རྒྱལ་ཚབ་གཡུང་དྲུང་རྒྱལ་མཚན།
༥ རྒྱལ་ཚབ་ཡོན་ཏན་སེང་གེ་དང་ལྔའོ། དེ་སྟེང་མཁར་སྣའི་དགེ་སློང་རྣམ་གཉིས་ནི་དགེ་སློང་ཉི་མ་གྲགས་པ་དང་། དྲང་སོང་གཡུང་དྲུང་ཚུལ་ཁྲིམས་གཉིས་བསྣན་ན་བདུན་དེ་གཉིས་རྒྱལ་ཚབ་ནི་མ་ཡིན་ནོ།།
དེ་ནས་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབས་བཅུ་ནི།
༡ སྣང་སྟོན་ཟླ་བ་རྒྱལ་མཚན།
༢ གཡུང་དྲུང་བསྟན་འཛིན།
༣ སྐལ་བཟང་ཉི་མ།
༤ ཕུན་ཚོགས་དབང་རྒྱལ།
༥ ཚུལ་ཁྲིམས་དབང་རྒྱལ།
༦ ཤེས་རབ་བློ་ལྡན།
༧ ཤེས་རབ་ཉི་མ།
༨ བློ་གྲོས་རྒྱལ་མཚན།
༩ བློ་གྲོས་ཉི་མ།
༡༠ ཤེས་རབ་བསྟན་པའི་རྒྱལ་མཚན་བཅས་སོ།།
༢༥ སྔར་བོན་བསྟན་དར་ཡུལ་གྱི་ས་ཆ་ཁག་དང་དེང་སྐབས་དར་ཡུལ་གྱི་ས་གནས་ག་འདྲ་ཡོད་དམ། སྔར་ཞང་ཞུང་གི་ཡུལ་དབུས་ཁྱུང་ལུང་དངུལ་མཁར་དང་། གངས་ཏི་སེའི་སྐོར་བཅས་ལ་དབུས་སུ་འཛིན་པའི། ཤར་ཕྱོགས་ལ་རྒྱ་ནག་ལྷོ་བྱང་དང་། རྒྱལ་རོང་། ལྡོང་ཡུལ། སུམ་པ། འཇང་ཡུལ། རུ་བཞི་བོད་ཀྱི་ས་སྐོར་སོགས་དང་། བྱང་ཕྱོགས་ལ་ཕྲོམ་གེ་སར་དམག་གི་ཡུལ། ལི་ཡུལ། གྲུ་གུ མི་ཉག འ་ཞ། སོག་པོ་ཕྱི་ནང་། ཡུ་གུར། ཐོ་གར་སོགས་དང་། ནུབ་ཕྱོགས་ལ་སྟག་གཟིག བྲུ་ཤ ཁ་ཆེ། ཨོ་རྒྱན། ཟ་ཧོར། པ་ཀི་སི་ཐན། ཨ་རབ་པའི་ལུང་པ་སོགས་དང་། ལྷོ་ཕྱོགས་ལ་རྒྱ་གར་དང་། བལ་པོ། འབྲུག འབྲས་ལྗོངས། མོན་ཡུལ། འཇང་མོ་མིག་དགུའི་ཡུལ་སོགས་སྔར་བོན་བསྟན་དར་ཡུལ་གྱི་ཡུལ་ལུང་ཡིན་ཀྱང་། དེང་སྐབས་གོང་གི་ཡུལ་གྲུ་ཕལ་ཆེ་བ་དེ་དག་ལ་བོན་བསྟན་དར་ཤུལ་དང་མིང་གི་སྲོལ་རྒྱུན་གནས་པ་ཙམ་མ་གཏོགས་བསྟན་པ་རྣལ་མ་ནི་ཆེར་མེད་པར་གྱུར།
དེང་སྐབས་བོན་བསྟན་དར་ཡུལ་ནི་གཙང་ཕྱོགས་གཞིས་རྩེ་ས་ཁུལ་དང་། ནག་ཆུ་ས་ཁུལ། ཆབ་མདོ་ས་ཁུལ། ཀོང་པོ་ཉི་ཁྲི་ས་ཁུལ། སྟོད་མངའ་རིས་ས་ཁུལ། སྨད་སྡེ་དགེ་དང་། ཉག་རོང་། རྫ་ཁོག ཨ་མདོ་ཤར་པ་དང་རྔ་པའི་ཁུལ། མཛོ་སྒང་། མཚོ་སྔོན་ས་ཁུལ། རྒྱལ་རོང་། རེབ་ཀོང་། གཞན་ཡང་བལ་ཡུལ་དང་འཇང་ཡུལ། རྒྱ་ཡུལ། འབྲས་ལྗོངས། རྒྱ་གར། ཕྱི་རྒྱལ་གྱི་ཡུལ་གྲུ་འགའ་ཞིག་བཅས་དེང་གི་བོན་བསྟན་དར་ཡུལ་གྱི་ས་ཆ་ཁག་ཡིན་ནོ།།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།