ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ།
[ 2014/4/12 12:06:00 | By: ཨ་ཚེ་རིང་། ]
 

                         ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ།

 བཅུ་ཕྲག་རིག་པའི་བསྟ༷ན་འཛི༵ན་འཛི༵ན་བྱེད་དབང་བོ་བློ༷་གྲོ༷ས་མིག། མིག་འཕྲེང་ཡོངས་ལ་བསྐྱེད་མཛ༵ད་མཛ༵ད་པའི་རྣམ་འགྱུར་ཀུན་པས་ལེགས།། 
   ལེགས་བཤད་ངག་གིས་ཐོས་ཚ༵ད་ཚ༵ད་མ་རངས་པའི་སྙན་ཚིག་སྨྲ།། སྨྲ་དབང་ཀུན་དགའ་རང་གྲོལ༵་གྲོལ༵་ལམ་སྟོན་པའི་ཐབས་ཤེས་ཟབ།།
༧ ཅེས་སྐབས་འདི་གླེང་བ་བྱ་བ་ནི་ཡོངས་གྲགས་སུ་ཧོར་བ་དྲུང་རམས་པའམ་ཧོར་བཙུན་བསྟན་བློ་ནི་ཚངས་རྒྱུང་ཉེར་ལྔ་བརྩེགས་པའི་དབུ་མ་ལྷོ་རྒྱལ་འཛམ་གླིང་དབུས་སུ་གྱུར་བ་བོད་ཆེན་པོའི་ཕྱོགས་སུ་གཏོགས་པའི་ཡུལ་གྲུ་འདི་བག་དྲོ་བའི་སྨད་ཕྱོགས་མདོ་གམ་ཆུ་བཞི་སྒང་དྲུག་གི་ནང་ཚན་རྨ་སྒང་རིང་མོའི་རྒྱུད་དུ་གནས་པའི་ཟིང་ཆུ་ནགས་རིང་གནས་ཀྱི་ཉེར་ཞོལ། རྒྱ་ནག་གོང་མའི་མཁའ་འགྲོ་འུག་གདོང་གི་ནུབ་ཟུར། མཛེས་ཉམས་ས་སྟེང་ཁྱབ་པའི་ཤར་གཉན་དུང་གི་རི་བོའི་བྱང་ཕྱོགས་སུ། སྨད་ཀྱི་འཕགས་པ་རྣམ་གསུམ་གྱི་ནང་ཚན་དཔལ་༧སྐྱང་འཕགས་ཆེན་པོའི་ཞབས་ཀྱིས་བཅག་པའི་ཡུལ་ཕྱོགས་ཀྱི་བསྟི་གནས་སྐྱང་ཚང་གི་གྲོང་སྡེ་རུ། རབ་བྱུང་བཅོ་ལྔའི་ས་མོ་གླང་གི་ལོ་དེ་ལ་རིགས་རྒྱུད་ཕུན་སུམ་ཚོགས་པ་སྐྱང་ཚང་འགྲུ་ཆེན་ཧོར་གྱི་རུས་བརྒྱུད་ཡབ་འབྲུག་སྐྱོབ་དང་། ཡུམ་རུ་གྷི་བཟའ་ཨ་ཉོག་གཉིས་ལ་ལོ་དེའི་ཟླ་བ་དགུ་བའི་ཚེས་བཅུ་བདུན་ཉིན་ལ་དགེ་མཚན་རྟེན་འབྲེལ་ལེགས་པའི་སྒོ་ནས་མཚན་ལྟས་བཟང་བོ་དུ་མ་དང་བཅས་ནས་སྙིགས་མའི་སེམས་ཅན་གྱི་ལྷ་སྐལ་དུ་བབ་པས་སྲས་ཞིག་བལྟམས། དེའི་སྐབས་སུ་ཁྱིམ་ཚང་དེས་མདོ་བསྐལ་བ་བཟང་བོ་ཀློག་ཅིང་དེའི་མཚན་བུ་ལ་གསོལ་བས་བསྐལ་བཟང་ཡགས་ཞེས་གྲགས། དམ་པ་ཉིད་ཆུང་དུས་ནས་རང་གཤིས་འཇམ་པོ་ཡིད་དུ་འོང་བ་རིག་པ་གསལ་བ་དད་མོས་ཆེ་བ་བྱམས་སེམས་ལྡན་པ་ཞིག་ཡིན་པས་ཀུན་གྱིས་ངོ་བསྟོད་ཡུལ་དུ་གྱུར། 
༧ དགུང་ལོ་ལྔའམ་དྲུག་གི་དུས་སུ་ཡུམ་གྱི་རུམ་དུ་ཉལ་བ་མི་འདོད་ཟེར་ནས་ཡབ་ཀྱི་རུམ་དུ་ཉལ། དེའི་སྐབས་ཞིག་ན་ཉལ་བའི་རྨི་ལམ་དུ་དམ་པ་ལ་ཀུན་དགའ་ར་བས་བསྐོར་བའི་ལྷ་ཁང་དུ་ལྷ་སྐུ་མང་བོས་གང་སྟེ་སྐོར་བར་འཁྱིལ་ཞིང་ཡོད་པའི་ཚེ་ན་དམ་པ་ཡང་མ་འགུལ་ནས་མིག་དལ་མོར་ཕྱེ་ཞིང་ལྟོས་ན་ཐུང་ཡུན་ཙམ་རེ་གནས་པ་ཡང་མང་བོ་བྱུང་། 
༧ དགུང་ལོ་བདུན་དང་བརྒྱད་སྐབས་སུ་དུས་སུ་རྫི་བོར་བྱེད་དུས། འཇིག་རྟེན་འདིའི་སྣང་བ་ལ་སྐྱོ་བ་སྐྱེས་ནས་སྔོན་གྱི་ལས་འཕྲོ་བཟང་བོ་སད་ནས་ཧོར་བ་བསྟན་པ་རྒྱལ་མཚན་དང་རྒྱ་སྒོ་བསོད་ནམས་དར་རྒྱས་གཉིས་སློབ་དཔོན་དུ་བསྟེན་ཏེ་ཡིག་གཞི་འདོན་ཆ་སློབ་དུས་དཀའ་སྡུག་མེད་པའི་ངང་ནས་བསླབས། 
༧ དགུང་ལོ་བཅུ་བ་མེ་ཁྱིའི་ལོ་དེར་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་དུ་སྒྲིག་ལ་ཞུགས། དེ་སྐབས་བྱ་བཏང་རྣལ་འབྱོར་བ་ངག་དབང་རྣམ་རྒྱལ་དང་ཨ་སྔགས་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་རིན་པོ་ཆེ་གཉིས་ཀྱིས་མ་ འོངས་པར་བསྟན་པའི་བདག་པོར་གཟིགས་ཏེ་ཞལ་གདམས་དང་ཤིས་བརྗོད་ ལེགས་སྨོན་མཛད། 
༧ དགུང་ལོ་བཅུ་དྲུག་བཞེས་པའི་ཆུ་འབྲུག་ལོ་ལ་ལྷ་བཟོ་བསྟན་གྲགས་ཀྱི་མདུན་ནས་ལྷ་རིས་དང་རི་མོ་སྣ་ཚོགས་ལག་པའི་འདུ་བྱེད་གང་འདོད་སྦྱོང་མཐར་མཛད། 
༧ དགུང་ལོ་བཅུ་བདུན་སྦྲུལ་གྱི་ལོ་དེར་གནས་སྐོར་དང་གྲྭ་སར་ཕེབས་སྐབས། དམུ་དགེ་དགོན། ད་བུ་ཉག་མཚོ། ཧོར་བྲག་འགོ། དཀར་མཛེས་དགོན། རྫ་དར་རྒྱས་དགོན། རྫ་རྫོགས་ཆེན་དགོན། སྟེང་ཆེན་རི་ཁྲོད་ཆེན་མོ་སོགས་ ཕྱིའི་རྟེན་གཞལ་ཡས་ཁང་དང་། ནང་རྟེན་དྲི་མེད་ཤེལ་གྱི་སྐུ་དང་སྐུ་གདུང་རྟེན་གསུམ་དང་། ཁྱུང་གྲུབ་དབང་སྨོན་ལམ་རིན་པོ་ཆེ་དང་བཟོད་པ་རིན་པོ་ཆེ་མ་འདའི་མཚམས་པ་རྣམ་གཉིས་ཨ་ནེ་དགེ་སློང་སོགས་མཇལ་ནས་དབང་ལུང་གང་འདོད་ཞུས། ཁྱུང་ཡུལ་སེར་རྩ་ནས་སྤྲུལ་བའི་སྐུ་མཆོག་བློ་ལྡན་སྙིང་བོའི་གདན་ས་ཆེན་མོ་བྱ་ཟེ་ཡོངས་རྫོང་ནས་ལྷ་སྐུ་རང་བྱུང་སོགས་དང་རྟེན་གསུམ་རྣམས་མཇལ། ལོ་དེའི་ཟླ་བ་ལྔ་བའི་ཚེས་བཅུ་གཅིག་ལ་གནས་མཆོག་བོན་རིའི་མདུན་དུ་ཕྱིན་ནས་རི་བ་འབྲུག་གསས་ཀྱི་སྐུ་གདུང་དང་། སྟག་བྲོ་ས་ནས་སྐྱབས་མཆོག་རྗེ་སྨན་རི་བའི་དབུ་ཞྭ་མེ་ཚིག་མ་དང་། མཁན་ཆེན་བསམ་གཏན་རྒྱལ་མཚན་གྱིས་དབལ་བྲག་རོང་ཆེན་ནས་གདན་དྲངས་བའི་གཏེར་ཕུར་སོགས་མཇལ་ཞོར་བན་དྷེའི་བྱ་བཏང་བ་ཞིག་དང་རྫོགས་ཆེན་གྱི་རྣལ་འབྱོར་མཁའ་འགྲོ་ལྡན་པ་དང་མཇལ་ནས་དམ་པ་དེ་རྣམས་ཀྱིས་ཀྱང་བསྟན་འཛིན་གྱི་སྐྱེས་བུར་དགོངས་ནས་ངོ་མཚར་གྱི་དད་མོས་རྒྱ་ཆེར་མཛད། 
༧ དགུང་ལོ་ཉི་ཤུ་མེ་ཕོ་རྟའི་ལོ་དེར་ལྷ་ལྡན་དག་པའི་ས་རུ་ཕྱིན་ནས། ཇོ་བོ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་གྲྭ་སར་སེར་འབྲས་དགའ་གསུམ་སོགས་མཇལ་ནས་གཙང་གཡུང་དྲུང་གླིང་དུ་འབྱོར་བ་དང་དུས་མཉམ་དུ་འཚོགས་དུང་འབུད་པ་དང་འཛོམས་པའི་རྟེན་འབྲེལ་བཟང་བོའི་སྒོ་ནས་སྒྲིག་ཏུ་འཛུག དམ་པ་ཁོང་གི་གཉེན་འབྲེལ་བློ་གྲོས་བཟང་བོ་གཡུང་གླིང་གི་སྒྲུབ་ཁང་ལྷ་མཆོད་ཡིན་པས། ཉིན་དེའི་ནུབ་མོར་སྒྲུབ་ཁང་དུ་ཁྲིད་ནས་མཚན་གྱི་རྨི་ལམ་དུ་རྒྱལ་པོ་ཤེལ་ཁྲབ་ཅན་ཅོག་རྩེ་ཞིག་གི་སྟེང་དུ་རྒྱ་འདུག་བྱེད་པ་དང་། གྲགས་པ་སེང་གེ་གྲྭ་བ་གཞོན་ནུ་ཞིག་ཏུ་སྟོན་ནས་ང་ཉིད་སྲོང་ལ་འཇལ་བས་སྡིག་པ་ལྗིད་ཀི་ཟེར། ཐོ་རངས་དུས་སུ་མ་སྲིད་པ་རྒྱལ་མོ་ཡིན་སྙམ་པའི་འདུན་པ་བྱུང་བ་ལ་ཞྭ་ནག་གྱོན་པའི་བྱིས་པ་གཅིག་ལ་ མཇལ་སྣང་བྱུང་། ཕྱི་ལོའི་ཟླ་བ་དང་བོ་ཚེས་གཅིག་སྔ་མོར་སྒྲུབ་ཁང་དུ་ཡོན་མཆོད་འབུལ་བའི་སྐབས་ལ་གྲགས་པ་སེང་གེས་དངོས་གྲུབ་པདྨ་ར་ག་ཞིག་སྩོལ་བས། དགའ་སྣང་དད་པའི་སྒོ་ནས་རང་གི་སྐེ་ལ་བཏགས་པས། དེ་ནས་བཟུང་སྟེ་བདག་ལ་ལུས་ཀྱི་གྲིབ་བཞིན་སྣང་། ལོ་དེའི་དབྱར་ཟླ་འབྲིང་བོའི་ ནང་དུ་སློབ་དཔོན་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་དཔལ་བཟང་བོའི་མདུན་དུ་མཆེད་གྲོགས་བཅུ་དང་ལྷན་དུ་ཞུགས་ནས་ཕྱི་མཚན་ཉིད་གཞུང་པོད་ཆེན་ལྔ་དང་ནང་གསང་སྔགས་གསང་བ་རྫོགས་ཆེན་དང་། བརྡ་དག་སྙན་ངག་ནག་རྩིས་ལས་སོགས་སྦྱང་མཐར་མཛད་ནས། དམ་པ་ཁོང་གིས་ཞལ་ནས་ཀྱང་། རང་རྒྱུད་གྲོལ་བའི་སྐྱེས་བུ་དེ།། སེམས་དཔའི་རྣམ་འཕྲུལ་ཉིད་དུ་ངེས།། ཞེས་སོགས་ཡི་རངས་གནང་བ་བྱུང་། སྤ་ལ་ཕུག་དགོན་དུ་རིག་འཛིན་སྟོང་རྒྱུང་གི་ཕྱག་བཟོ་བསྟན་སྲུང་ཨ་བསེའི་ཞལ་འབག་དང་། དགོན་དེའི་རི་རྩེ་ན་ཕྱྭ་སྲས་ཀྱི་ཞབས་རྗེས།མཁའ་འགྲོའི་ཕག་གདོང་།མཁའ་འགྲོའི་གསའ་གདོང་། རིག་འཛིན་རྒོད་ལྕམ་གཏེར་གནས། ཟང་ཟང་ལྷ་བྲག དབལ་བྲག་རོང་ཆེན། ལི་ཡུལ་དམག་དགོན་རི། སྒྲ་བླ་སྟག་རི་ཁྲ་བོ། མུ་ལེ་མཚོ། བུར་ཧྲང་ཇོ་བོ། གངས་རི་མཚོ་གསུམ། ཁྱུང་ལུང་དངུལ་མཁར་ནས་བླ་ཆེན་དྲན་པའི་རྡོ་སྐུ་རང་བྱུང་། སྙ་ཆེན་ལི་ཤུའི་སྐུ་གདུང་ལས་སོགས་མཇལ་ནས་རང་དགོན་གཡུང་དྲུང་གླིང་དུ་སླེབས་ཡོངས་འཛིན་དམ་པ་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་མདུན་དུ་དབྱངས་ ཅན་སྒྲ་མདོ་སྦྱོང་མཐར་མཛད་ནས་སྨྲ་དབང་ཀུན་དགའ་རང་གྲོལ་ཞེས་པ་ མཚན་གྱི་ཅོད་པན་གནང་། བར་གསེང་གི་དུས་རྣམས་དམ་པ་ཁོང་གི་མདུན་ནས་དབང་ལུང་མན་ངག་དུ་མ་ཞུས་ནས་དུས་ཚོད་དོན་ཡོད་མཛད། ༧ དགུང་ལོ་ཉེར་དགུ་ཕག་གི་ལོ་ལ་བཀའ་དྲིན་མཚུངས་མེད་དྲིན་ཅན་རྩ་བའི་བླ་མ་མཁས་གྲུབ་རིན་པོ་ཆེའི་སྐུ་ཞི་བར་གཤེགས་པའི་སླད་ནས་དབུས་གཙང་རི་བཞི་སོགས་ལ་གནས་མཇལ་བྱེད་ནས་ཡར་གྲྭ་སར་བྲུ་ཞུ་སྤ་རྨེའུ་ལས་སོགས་དགོན་གནས་དང་། འབྲུ་མཚམས་མཐའ་ཀ་ནས་གཤེན་ཆེན་པོས་གསས་མདའ་དུང་དབྱུག་ཐོན་རྗེས་སྐར་ཁུང་དུ་མཇལ་ཚེ་དག་པའི་རི་ཁྲོད་གཅིག་མཇལ་སྣང་བྱུང་། རང་ཉིད་ཀྱང་རི་ཁྲོད་ཟིན་པའི་ལས་འཕྲོ་ ཡོད་སྙམ་ནས་སྙིང་ནས་དགའ་བའི་སྣང་བ་སྐྱེས། གཡས་རུ་མཁའ་སྣ་དགོན་གྱི་དགེ་སློང་མདུན་ནས་དབང་ལུང་ཞུས་ནས་སྐྱབས་མཆོག་འགྲོ་བའི་མགོན་པོ་རྗེ་སྨན་རི་བའི་མཁན་རབས་ཀྱི་སྐུ་གདུང་སོགས་མཇལ། སྐུ་མདུན་རྒྱལ་བ་བློ་གྲོས་རིན་པོ་ཆེའི་མདུན་ནས་དབང་ལུང་མང་བོ་ཞུས། དེ་ནས་རང་དགོན་གཡུང་དྲུང་གླིང་དུ་ཕྱིན་ནས་ལྷ་གྲོགས་དམ་པ་མཁས་པའི་དབང་པོ་སྒང་རི་བ་ཚུལ་ཁྲིམས་རྒྱལ་མཚན་དང་དམ་པ་གཉིས་ལྷན་ཏུ་ཚ་རོང་སློབ་དཔོན་ཤེས་རབ་ཡེ་ཤེས་ཀྱི་མདུན་དུ་དགེ་བའི་བཤེས་གཉེན་ཆེན་མོར་མངའ་གསོལ་ནས་དགའ་སྟོན་ཆེན་མོ་བཀྱགས་སྟེ། དམ་པས་ཤིན་ཏུ་དགྱེས་པའི་རྣམ་འགྱུར་སྟོན་ཞིང་རྩོད་པ་བོ་གང་ལའང་རྩོད་ལེན་ཚིག་སྙན་ཁྱད་མཚར་གང་ལའང་མངའ་བརྙེས་པའི་གསུང་གླེང་ཅི་ཡང་རྩོམ་པ་མཐར་ཕྱིན་དང་ལྷན་དུ་བསྟན་པའི་རྒྱན་དུ་ཆེ་བ་དང་ཕྱོགས་དུས་ཀུན་ལས་རྣམ་པར་རྒྱལ་བའི་མཚན་རྟགས་སུ་སྟག་ལྤགས་ཀྱི་གདན་བརྩེགས་པའི་ཁྲི་སྟེང་དུ་བཀོད་ནས་མཁན་སློབ་ཉི་ཟླ་རྣམ་གཉིས་ཀྱིས་བྱིན་དང་ཁ་བཏགས་ཆས་མཛོད་གནང་ནས།བསྟན་དང་འགྲོ་བའི་དཔལ་དུ་གྱུར་བར་ཤོག་གསུངས་ནས་གཟེངས་བསྟོད་མངོན་པར་གནང་། 
༧ དགུང་ལོ་སོ་བཞི་སྤྲེལ་ལོ་དེར་མཁན་ཆེན་ཤེས་རབ་བློ་ལྡན་དཔལ་བཟང་བོ་དབུ་མཛད་པའི་མདོ་སྨད་དུ་ཆིབས་བསྒྱུར་སྐྱོང་ནས་ཤར་ཁོག་ཡུལ་གྱི་བླ་སྤྲུལ་དང་སྐྱ་སེར་རྣམས་ཀྱིས་དགའ་བའི་འཛུམ་དང་དད་མོས་ངང་དུ་བསུ་ མ་བྱེད་ནས་རང་དགོན་ཕུན་ཚོགས་དར་རྒྱས་གླིང་དུ་ཕེབས་ལགས་སོ།། སྐྱང་དགོན་དུ་མཁན་རིན་པོ་ཆེའི་སྐུ་མདུན་ནས་དཀྱིལ་འཁོར་ཐིག་རྩ་དང་སྐར་རྩིས་སྦྱང་བས་ཟླ་བ་གཅིག་གི་ཟླ་ཐོ་ཞག་བཅུའི་ནང་དུ་ཤེས་པ་བྱུང་བས། གཞན་བླ་སྤྲུལ་ཀུན་གྱིས་མངོན་པར་བསྟོད་ཡུལ་དུ་གྱུར། 
༧ དགུང་ལོ་སོ་དྲུག་ཁྱིའི་ལོ་དེར་མཁན་རིན་པོ་ཆེའི་སྤྱན་སྔར་རྣམ་དག་འདུལ་ཁྲིམས་བསྙེན་རྫོགས་སྒོ་རུ་ཞུགས་ནས་དམ་པ་ཉིད་ཀྱིས། བསྟན་འཛིན་བློ་གྲོས་རྒྱ་མཚོ་ཞེས་མཚན་གསོལ། དམ་པའི་ཞལ་ནས། གསང་རྒྱུད་ངེས་པ་ཆེན་པོའི་དོན།། རང་གི་རིག་པས་རྟོགས་གྱུར་ནས།། གཞན་ལ་སྒྲོག་པ་གང་གྱུར་བ།། དེ་ཉིད་སྟོན་པ་ཀུན་བཟང་སྟེ།། ཞེས་སོགས་གསུངས་ནས་དམ་པ་ཁོང་གིས་ཕྱིས་སུ་བོན་ཁྲིད་དགོས་པའི་གནང་བ་སྩལ་བ་དང་མཉམ་དུ་ཨ་སྔགས་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་ཀྱིས། ཉིད་ནི་ཆུང་དུས་ནས་རིགས་ ཀྱི་བུ་ཞིག་འདུག་པས། ད་ལྟར་མཁས་བཙུན་བཟང་གསུམ་འཛོམས་པས་ཤིན་ཏུ་བསྐལ་བ་བཟང་། ལུང་ལས། ཚད་མེད་སྙིང་རྗེ་ཆེ་ལྡན་ཞིང་།། རྣམ་འབྱེད་ཤེས་རབ་མིག་ཡོད་ན། འབྲེལ་ཚད་ཐར་བའི་ལམ་ལ་དཀྲི།། ཞེས་པས་བོན་གྱི་འཆད་ཁྲིད་ཀྱི་འགན་གནང་བསྩལ།
༧ དགུང་ལོ་སོ་བདུན་ཐོག་ཏུ་རྒྱ་ནག་ཡུལ་དུ་གནས་སྐོར་ཕེབས། དགུང་ལོ་སོ་བརྒྱད་ཐོག་ཏུ་མཁའ་འགྲོ་འུག་གདོང་དུ་བྱོན་ནས་གསང་གཅོད་ཡིད་བཞིན་ནོར་བུའི་སྒྲུབ་པར་མཛད་ཚེ། མཁར་ཡགས་སྐུ་ཞབས་རིན་པོ་ཆེས་དེ་ ལྟར་ཤིན་ཏུ་ལེགས་སོ་གསང་གཅོད་ཡིད་བཞིན་ནོར་བུ་རིན་པོ་ཆེ་འདི་བསྙེན་མཚམས་སྐྱེལ་ན་ཕྱི་མ་མཁའ་སྤྱོད་ཡུལ་དུ་སྐྱེ་བ་ཐེ་ཚོམ་མི་དགོས་གསུངས་ནས་གཟེངས་བསྟོད་ཡང་ཡང་བགྱིས། དེ་དུས་དྲིན་ཅན་བླ་མ་ཨ་སྔགས་རིན་པོ་ཆེའི་སྐུའི་བཀོད་པ་བསྡུས་པའི་དགོངས་རྫོགས་དུ་སླར་རང་དགོན་དུ་ཕེབས།
༧ དགུང་ལོ་ཞེ་ལྔ་ལྕགས་བྱའི་གནམ་ལོ་གསར་དུ་ངོམ་པའི་ཚེ་ཡུལ་མཁར་དགོན་སོགས་སྤངས་ནས་དག་པའི་རི་ཁྲོད་བྲག་དཀར་བྱ་རྒོད་དུ་ཕེབས་ནས་འཇིག་རྟེན་གྱི་བྱ་བ་བློས་གཏང་ནས་ཉིན་མཚན་བར་མེད་དུ་རིག་པ་སྐྱོང་ཅིང་མཁའ་འགྲོ་གསང་གཅོད་དང་དབལ་ཕུལ་སྤྱི་དོན་ཉེར་ལྔ་ལས་སོགས་བཟླས་བརྗོད་བརྩོན་པས་ལོ་འཁོར་བཅུ་བཞིའི་རིང་སྐུ་ཚེ་རི་ལ་སྐྱེལ། དེར་སྐབས་རི་ཁྲོད་པ་ནམ་མཁའ་རིན་ཆེན་གྱི་དྲུང་ནས་གྲུབ་དབང་ཤར་རྫའི་གསུང་འབུམ་དབང་ལུང་ཞུས་ནས་ཐུགས་དམ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་སྐྱོང་། དེ་དུས་མཚན་ལྟས་བཟང་བོའི་གྲུབ་རྟགས་མངོན་ཤེས་བྱུང་བ་བརྗོད་ཀྱིས་མི་ལོང་བས་ཡི་གེ་མང་བར་དོགས་ནས་མ་བྲིས་སོ།། 
༧ དགུང་ལོ་རེ་གཉིས་རབ་བྱུང་བཅུ་དྲུག་པའི་ནང་ཚན་ལྕགས་ཕོ་སྟག་གི་ལོ་དེར་རང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱི་མཚན་ཉིད་ཀྱི་རྩོད་གྲྭ་དང་ནང་སྔགས་རྫོགས་ཀྱི་སྒྲུབ་གྲྭ་ཚུགས་པའི་འདུན་མ་བརྩམ་ཚེ། ལྷག་བསམ་རྣམ་པར་དག་པའི་གྲྭ་རྒན་ཡཾ་ཚུལ་ཁྲིམས་དང་རོ་ཝེར་ཨ་ཁུ་ཚང་གི་བསྟན་པ་འོད་ཟེར་གཉིས་ཀྱིས་མདའ་ཆེན་དཀར་མོ་རི་ཁྲོད་ནས་དམ་པ་ཁོང་རིན་པོ་ཆེ་ཕྱིར་རང་དགོན་དུ་གདན་དྲངས་ནས་ལམ་ཁར་སླེབས་དུས། ཆོས་མཚོ་ཟེར་བའི་བུད་མེད་དེས་སྣ་རིང་གི་ཤིང་སྐམ་ཁུར་པོ་གཅིག་དང་མེ་སྐྱོགས་གང་ཁྱེར་ནས་ལམ་དུ་ཧྲང་ངེ་ལངས་ནས་སྡོད་འདུག་པའི་དམ་པས་ཁ་བཏགས་ཀྱིས་གཡོགས་ནས་ངོ་མཚར་ཆེའོ་ཞེས་པས་ཤེས་རབ་མེ་ལྟར་འབར་བའི་རྟེན་འབྲེལ་བཟང་བོ་འགྲིག་ཡོང་གིས་བརྗོད། ཡུལ་ཕྱོགས་ཀྱི་བླ་མ་གྲྭ་བ་རྣམས་ཀྱིས་དམ་པ་ཁོང་གི་མདུན་ལ་དགའ་བའི་འཛུམ་དང་དད་པས་མགོ་ལག་བཀུག་ནས་དགའ་བསུ་འབུམ་ཕྲག་བཀྱག་པས་སྒོ་ནས་དྲི་མེད་ཀྱི་ལྷ་དར་དཀར་པོས་ལེགས་སྐྱེགས་སུ་ཕུལ། ཡུལ་ཕྱོགས་སྟོད་སྨད་བར་གསུམ་ནས་བྱོན་པའི་འཁོར་སློབ་མ་རྣམས་ལ། ལོ་འཁོར་དུ་མའི་རིང་ལ་བཀའ་ཕྱི་ནང་གི་རིག་པའི་གནས། གང་ལ་གང་འོས་ཀྱིས་སྒོ་ནས་སློབ་པ་མཛད། སྦྲུལ་གྱི་ལོ་དེ་ལ་བོན་གྱི་སྤྱན་ལྡན་མཁན་ཆེན་ཉི་མའི་དགོངས་བཞད་གྲྭ་ས་ཆེན་མོའི་ཕྱག་ལེན་ལྟར།ཕྱོགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམ་པར་གདན་དྲངས་ནས། ཡཾ་བླ་མའམ་ལྗོངས་བཙུན་ཤེས་རབ་རྣམ་དག་དང་མཁར་རྨེའུ་གཏེར་བརྒྱ་དགའ་དབང་ངམ་བསམ་གཏན་རྒྱལ་མཚན་གཉིས་དགེ་བའི་བཤེས་གཉེན་གྱི་མཛད་སྒོ་བགྱིས་ཏེ། ལུང་རིགས་ཀུན་ལ་བརྒལ་རྟགས་ཤིས་བརྗོད་དང་བཅས་ནས་མཐར་སོན་ནོ།། དེའི་རྗེས་ཤིང་མོ་ལུག་གི་ལོ་དེར་འོག་སྐོར་ཤེས་རབ་མཐར་ཕྱིན་དང་ཨ་ཡིག་བཤད་སྒྲུབ་གྲགས་པ་གཉིས་དྲུང་རམས་བཞེངས་དེ་སྔར་བཞིན་དུ་མཐར་ཕྱུང་ངོ་།། དེ་སྐབས་དགོན་འདིར་སྒྲུབ་གྲྭ་བཞེངས་ནས་ཀུན་བཟང་གསང་མཛོད་རི་ཁྲོད་ཅེས་མཚན་གསོལ། སྔོན་འགྲོ་ཁྲིད་གཞི། རྩ་རླུང་འཁྲུལ་འཁོར། རང་སྦྱོང་མུན་མཚམས། ཨ་སྙན་རྫོགས་གསུམ། བཅུད་ལེན་ཡི་དམ་བསྙེན་སྒྲུབ་དཔལ་གྲུབ་དབང་༧ཤར་རྫའི་སྒྲུབ་གཞུང་ལྟར་ལོ་འཁོར་གསུང་ལ་ཕྱག་ལེན་གནང་། 
༧ དགུང་ལོ་བདུན་ཅུ་ས་ཁྱི་ལོར་སྲིད་རྒྱལ་གསང་སྒྲུབ་ཀྱི་སྒྲུབ་པ་ཞུགས་ནས་གྲུབ་རྟགས་སུ་ཡི་དམ་དཀྱིལ་འཁོར་ལ་སྨུག་པས་གང་བ་དང་སྲུང་མའི་ལུང་བསྟན་བྱུང་བ་སོགས་ངོ་མཚར་དུ་མ་བྱུང་། ལོ་དེའི་དགུན་ལ་གདུག་པ་ཅན་གྱི་མཐའ་དམག་ལྷགས་ནས་རྒྱ་བོད་བན་བོན་ཡོངས་ཀྱི་བླ་སྤྲུལ་དང་དཔོན་པོ་སྐྱ་སེར་མཐོན་པོའི་རིགས་སུ་གཏོགས་པ་ཐམས་ཅད་དབང་སྡུད་དྲག་པོས་ཟིལ་གྱིས་གནོན་ཞིང་ཁྲིམས་འོག་ཏུ་བཅུག་སྟེ་དམ་པ་དེ་ལ་བསྟན་དང་འགྲོ་བའི་དོན་དུ་སྐུ་སྲོག་ལ་ཉེས་པའི་སྐུ་ངལ་ཚད་ལས་འདས་པར་བསྐྱོན། དམ་པ་ཉིད་ཀྱིས་མཛད་པའི་གསུང་རྩོམ་ལ་མཚོན་ན་༼གངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྤྲོད་པར་བྱེད་པའི་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ།༽༼བོན་གྱི་རྣམས་གྲངས་ལེགས་བཤད་དགའ་སྟོན།༽༼མངོན་བརྗོད་ཀྱི་བསྟན་བཅོས་ལེགས་པར་བཤད་པའི་ཨེ་སངས་བུ་མོའི་ཞལ་ལུང་།༽ ༼སྙན་ངག་དོན་རྒྱན་སོ་ལྔ།༽ ༼གསས་ཁང་ངོ་མཚར་རྒྱན་ལྡན་གྱི་དཀར་ཆག༽༼གནས་ཁང་སོ་སོའི་སྨོན་ཚིག་འདོད་འབྱུང་གཏེར་ལྡན།༽ ༼འབྱོར་ལན་སྐོར།༽ ༼མཁས་དབང་ཉི་མའི་སྡུད་གྲྭ་ཟུར་དུ་འདེགས་པའི་ངོས་འཛིན་པད་དཀར་ཕྲེང་བ།༽༼རིག་པའི་འགྲོ་སྟངས།༽༼རྟེན་འབྲེལ་བཅུ་གཉིས་ཀྱི་རྣམས་བཞག་ ཨུཏྤལའི་ཆུན་པོ།༽༼བྱང་ཆུབ་ལམ་གྱི་རྣམ་བཞག་ཉུང་བསྡུས་ཤེལ་གྱི་ཐེམ་སྐས།༽༼འདུ་བྱེད་ལྔ་བཅུ་རྩ་གཅིག་གི་དོན་བཤད།༽༼འཁོར་འདས་འགྲེལ་རྐང་ཅུང་ཙམ་བཞུགས་སོ།།༽༼ཐེག་དགུའི་རྣམ་བཞག་མདོ་ཙམ་བཞུགས་སོ།།༽༼སྐར་རྩིས་ལ་མཁོ་བའི་རྣམ་བཤད།༽༼ནག་རྩིས་ལ་མཁོ་བའི་རྣམ་བཤད།༽༼རྒྱ་རྩིས་སྣང་སྲིད་གསལ་པའི་མེ་ལོང་།༽༼ལོ་རྒན་དྲུག་ཅུའི་འགྲེལ་བཤད།༽༼མགྱོགས་རྩིས་ བསྡུས་པ།༽༼ས་དཔྱད་གསེར་གྱི་མེ་ལོང་།༽༼རྒྱལ་བ་སངས་རྒྱས་བསྟན་པའི་རྩིས་གསར་ཀེ་ཏ་ཀ་ཡི་ཕྲེང་བ།༽༼དམུ་རྒྱལ་གཤེན་གྱི་སྐྱེས་རབས་དང་མཛད་པ་དྲུག་ཅུ་རྩ་གཅིག་གི་གཏེར་སྒོ་འབྱེད་བྱེད་འཕྲུལ་གྱི་ལྡེ་མིག༽༼ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་ཟུར་ཙམ།༽ ༼རྒྱལ་གཤེན་ཆེན་པོའི་རྣམ་རོལ་ངེས་མེད་རྣལ་འབྱོར་རྒྱལ་བ་དབང་ལྡན་གྱི་རྣམ་ཐར།༽༼རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་ཀྱི་རྣམ་ཐར་རྗེས་འཇུག་ཡིད་ཀྱི་དང་འདྲེན་ལྷ་གཉེན་ཤེལ་སྒོང་།༽༼རྣམ་འབྱོར་རོལ་བའི་དགའ་སྟོན།༽༼ལོ་རྒྱུས་མདོ་བསྡུས།༽༼བྲག་དཀར་བྱ་རྒོད་ཀྱི་དཀར་ཆག་མན་ཤེལ་གོང་བུའི་འཁོར་ལོ།༽༼བྱ་དུར་དཀར་ཆག་སྤོས་ཀྱི་གླང་པོ།༽༼ས་དང་ལམ་གྱི་བཀོད་པ་མངོན་སུམ་མཐོང་བའི་ཚད་མ་རིག་པའི་དགའ་སྟོན།༽༼སྒྲ་འཁོར་སྐོར།༽༼སེམས་བསྐྱེད་སྐྱབས་འགྲོ་ཚོགས་མཆོད་གསུམ་གྱི་དགོངས་སྤྱོད་ཉུང་བསྡུས།༽༼ཆེ་མཆོག་ཡོངས་རྫོགས་ཁྲོ་རྒྱལ་སྤྱི་འདུལ་གྱི་ཕྲིན་ལས་འགྲིག་རིམ་གསལ་བྱེད་སྣང་བའི་མུ་ཁྱུད་ཅེས་བྱ་བ་བཞུགས་སོ།།༽༼ཀུན་བཟང་འཁོར་བ་སྟོང་འདྲེན་གྱི་ཟིན་རིས་ཨུཏྤལའི་ཕོན་པོ།༽༼ཀུན་བཟང་འཁོར་བ་སྟོང་འདྲེན་གྱི་གཞུང་ཆོག་གི་ཟིན་རིས་གསལ་བའི་མེ་ལོང་དང་དེའི་གསོན་བྱང་གཤིན་བྱང་གཉིས་ཀྱི་ཟིན་ཏིག་ལམ་འདྲེན་བློ་བླུགས་༽༼སྲིད་རྒྱལ་གསང་སྒྲུབ་དང་ཆ་རྐྱེན་ཡན་ལག་བཅས་པའི་ཟིན་རིས་མཐོང་བ་རང་གྲོལ་།༽༼གསང་སྒྲུབ་ཡེ་ཤེས་དབལ་མོའི་ཟིན་རིས།༽༼ཁྲོ་བོ་ཉི་ཟེར་ཞགས་པ་དང་དབལ་གསས་ཀྱི་གསང་འདུར་འཁོར་བ་རྒྱུད་སྦྱོང་གཉིས་ཀྱི་གསོན་བྱང་ལ་ཟིན་རིས་ལྟར་ཁ་བསྒྱུར།༽༼རྒྱལ་རིགས་བྲུ་བའི་གསང་སྔགས་སྤྱིའི་འགྲོ་ལུགས་མུ་ཏིག་ཚོམ་ཕྲེང་།༽༼དུ་ཏྲི་སུའི་གསོན་གཤིན་ཀྱི་ལག་ལེན་བཀོད་པ།༽༼ཡི་དམ་དབལ་གསས་རྔམ་པའི་རྩ་འཁོར་བསྐྱེད་ཐབས།༽༼ཚེ་དབང་བོད་ཡུལ་མའི་བསྙེན་སྒྲུབ་འགྲོ་ཚུལ།༽༼སྤྱི་བསྡུས་བཀའ་སྐྱོང་གཏོར་མ་བཅའ་ཐབས།༽༼ནེའུ་ཆུང་རྣམ་ལྔའི་ཆིག་དྲིལ།༽ ༼མ་ཏྲིའི་ཚེ་ཆོག༽ ༼དྲན་པ་ཚེ་སྒྲུབ་ཀྱི་ཚོགས་སྨོན།༽ ༼ཕྱི་ནང་གི་ཁ་སྐོང་བསྡུས་པ།༽༼བཀའ་སྐྱོང་གནད་བསྐུལ།༽ ༼སྐད་རིགས།༽ ༼སྔགས་འགྲེལ།༽ ༼ཕྱི་ནང་གསང་བའི་གཟུངས་འདུས་བཀླག་ཐབས་གསལ་བྱེད་འཕྲུལ་སྒྲོན་།༽༼ཁྲོ་བོ་དབང་ཆེན་གྱི་སྨོན་ལམ།༽༼སྐྱང་སྤྲུལ་ཡི་དམ་ཀུན་འདུས་བྲུ་ལུགས་ཀྱི་ཟིན་རིས།༽༼གསང་དྲག་དབལ་ཆུའི་ཟིན་རིས།༽༼དོན་རྒྱུད་བཅུད་དྲིས།༽༼ངེས་དོན་རྫོགས་པ་ཆེན་པོ་བཅུད་དྲིལ་གསེར་གྱི་ཕྱིས་བུ།༽༼རྫོགས་པ་ཆེན་པོ་ལམ་གྱི་གནད་དོན་མདོ་བསྡུས་སྙིང་གི་ཐིག་ལེ།༽༼དྲིན་ཅན་བླ་མའི་ཞལ་གདམས་དགོས་འདོད་ཀུན་ཚིམ་བཞུགས།༽༼ཚོགས་ལམ་ཊི་ཀ༽༼གནས་ཆེན་བྲག་དཀར་བྱ་རྒོད་ཀྱི་རི་ལ་གནས་སྐབས་སུ་ཉམས་མྱོང་ཐོལ་གླུར་སྨྲས་པ།༽༼ལུང་རིགས་དོགས་སེལ་ཉུང་འདུས།༽༼དགེ་བའི་དཀར་ཆག་མཐོང་བ་རང་གྲོལ།༽༼སྒོམས་པའི་ཉམས་ལེན་མདོ་འདུས་བཞུགས།༽༼སེམས་དཔའི་བསླབ་བྱ།༽༼ཞལ་གདམས།༽༼ལས་དང་བོའི་སེམས་སྐྱོང་ཐབས།༽༼སེམས་ཅན་སངས་རྒྱས་གྲོལ་འཁྲུལ་སྙིང་ཏིག་གི་མན་ངག་གསེར་གྱི་ཡང་ཞུན།༽༼རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་འཆི་ཁའི་རྩལ་སྦྱོང་ཐར་བའི་སྐས་ཆེན་གྱི་ཟུར་འདེད།༽༼རྩ་རླུང་གནད་བསྡུས།༽༼ལམ་གྱི་གོ་རིམ།༽༼འཆམ་དཔོན་སྲིད་རྒྱལ་བསྒྲལ་བསྟབ་ཀྱི་བསྐྱེད་རིམ།༽༼རྩེ་ཞྭ་དང་ཟླ་གམ་གྱི་གཏན་ཚིགས།༽ ༼ཁྲི་འགྱིང་བཀོད་ཐབས།༽༼སྐྱེ་སྒོ་གཅོད་པའི་ཞལ་ཐང་མདོ་བསྡུས།༽༼དགེ་རྩའི་སྒྲུབ་ཐབས།༽༼གནས་བཞིའི་གསོལ་འདེབས་བར་ཆད་ལམ་སེལ་གྱི་ཚིག་འགྲེལ།༽༼མ་རྒྱུད་བདག་འཛིན་ལམ་ལྔའི་ཊི་ཀ༽༼ལྷག་བཅས་ལྷག་མེད་ཀྱི་སྐོར།༽༼རྟོགས་པ་མཆོག་ལྡན་གྱི་གདུང་འབུལ་བའི་བསྟོད་པ།༽༼འཕོ་བའི་ཞལ་གདམས།༽ སོགས་མཆིས་ཀྱང་ཁ་ཤས་དུས་འགྱུར་གྱི་དབང་གིས་རླགས་འདུག
༧ དམ་པ་རིན་པོ་ཆེའི་འཁོར་སློབ་མ་ཤིན་ཏུ་མང་མོད་ཀྱང་འདིར་དམིགས་བསལ་གྱིས་སྨྲོས་ན་རིག་གནས་གཞུང་ལུགས་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱི་སྦྱོང་བརྩོན་ཕུལ་ཕྱིན་བྱས་པའི་འབྲས་རྟགས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་རྐང་འཛིན། སྡེ་བཅུ་བོན་འཁོར་བསྐོར་བའི་འགན་ཐེག གདུལ་བྱའི་རྨོངས་པའི་བློ་སྒོ་འབྱེད་པའི་སྐྱེས་བུ། ཞི་བདེའི་ལེགས་ཚོགས་འདྲེན་པའི་དེད་དཔོན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་བོ་དང་། རིག་གནས་ལྔ་ཟུང་རྩེར་ཕྱིབས་མཆོག་སྤྲུལ་སྐལ་བཟང་ལུང་རྟོགས་རྒྱ་མཚོ། འོག་མའི་སྤྲུལ་སྐུ་ཤེས་རབ་དབང་རྒྱལ། ཟིང་ཆུའི་དགོན་ཁག་མཁན་ཆེན་ཤེས་རབ་མཐར་ཕྱིན། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན། བསམ་འགྲུབ་དགོན་གྱི་ཨ་ཁུ་བསྟན་པ། སྐྱང་བླ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། རྒྱལ་ཉིད་དགོན་གྱི་རྗེ་མི་འགྱུར་ཚེ་དབང་། བྲག་གི་ཚུལ་ཁྲིམས། སྣང་ཞིག་བླ་མ་བློ་གྲོས་བསྟན་འཕེལ། སྟག་རིའི་བླ་མ་བསྟན་འཛིན་དབང་གྲགས། ཆགས་མེད་བྱ་བྲལ་བ་མཐེ་བོ་ཆགས་སྒོ་སྐལ་བཟང་དང་སྐྱང་ཚང་སྐལ་བཟང་ཡེ་ཤེས། སྣ་སྟེང་དགོན་གྱི་གཡུང་དྲུང་བློ་གསལ། སྒྱུ་མའི་རྣལ་འབྱོར་བ་སྐྱང་བླ་ལྷ་འབུམ། དགའ་སྨིན་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས། མཚོ་ལོག་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་སོགས་བསྟན་འགྲོའི་དོན་ཆེན་ནུས་པའི་བསྟན་འཛིན་སྐྱེས་ཆེན་དམ་པ་ས་ཕྱོགས་འདི་དང་ཡུལ་ཕྱོགས་གཞན་ནའང་མང་ངོ་།། མདོར་ན་ཁོང་རིན་པོ་ཆེ་རིག་གནས་ཀུན་ལ་མཁྱེན་སྤྱན་ཡངས་པ། ཡི་དམ་བསྙེན་སྒྲུབ་ཀྱི་རྟགས་ཚད་རྫོགས་པ། གསང་བ་སེམས་ཕྱོགས་ཀྱི་ཉམས་ལེན་སོགས་རྩལ་རྫོགས་པ། སྤངས་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེམས་པའོ།། 
༧ དགུང་ལོ་གྱ་བདུན་པ་རབ་བྱུང་བཅུ་དྲུག་པའི་ནང་གསེབ་ལྕགས་ཡོས་ལོའི་ཧོར་ཟླ་བདུན་པའི་ཚེས་དྲུག་གི་ཉིན་གནམ་ལངས་ཡོས་ཀྱི་དུས་ལ་བསྟན་དང་འགྲོ་བའི་དོན་མཐར་ཕྱིན་ནས་དགོངས་པ་དམིགས་མེད་བོན་གྱི་དབྱིངས་སུ་གཟིགས་སོ།། དེའི་ཉིན་ཉི་མ་ནུབ་ཕྱོགས་ནས་གཟིམ་ཁང་སྟེང་དུ་འཇའ་ཚོན་གྱི་འོད་གུར་སོགས་ཕུབས་ནས་རྟེན་འབྲེལ་རྟགས་མཚན་དུ་མར་བྱུང་བ་སོགས་ཡུལ་མི་སྐྱ་སེར་ཀུན་གྱིས་མཇལ་ཡུལ་དུ་གྱུར་ནས་དད་མོས་ལྷག་ཏུ་སྐྱེས་སོ།། མདོར་ན། དམ་པ་ཉིད་ཀྱིས་སྔོན་བྱོན་གོང་མའི་མཛད་པ་བཞིན། ལྟ་བ་ཡས་ཕུབ་སྤྱོད་པ་མས་འཛེགས་སོགས། འདོད་ཤེས་ཆོག་ཤེས་བྱ་བྲལ་ཉམ་ཆུང་ངང་དུ། གྲུབ་མཐའི་རྒྱལ་པོ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་སྲི་ཞུ་འཛིན་སྐྱོང་སྤེལ་པའི་མཛད་བཟང་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་རྣམ་པར་རྒྱས་སོ།། 
ཅེས་པ་འདི་ནི་དམ་པ་ཁོང་རིན་པོ་ཆེ་ཆུང་དུས་ནས་དགོངས་མ་རྫོགས་ཀྱི་བར་དུ་དགེ་སྦྱོར་ཚོགས་རྫོགས་དང་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ།། ཆེ་བའི་ཡོན་ཏན། སྒོམ་མེད་ཀྱི་ལྟ་བ། ཞེན་མེད་ཀྱི་དགོངས་པ། ཆགས་མེད་ཀྱི་མཛད་སྤྱོད། སྒྲིབ་མེད་ཀྱི་ཤེལ་སྒོང་ལྟ་བུའི་སྐུ་གསུམ་ཐུགས་ཀྱི་མཛད་འཕྲིན་རྣམས། ནམ་མཁའ་ལས་ཀྱང་ཆེས་ཡངས་པ། རྒྱ་མཚོ་ལས་ཀྱང་ཆེས་ཟབ་པ་ལྟར། བདག་བློ་སྦྲང་མའི་གཤོག་ཟུང་དང་ཉ་ཆུང་འཁྱུག་རྩལ་གྱིས་གཞལ་བ་ག་ལ་སྲིད། ཡིན་ན་ཡང་དམ་པ་ཁོང་གི་རྣམ་ཐར་མུ་ཏིག་ཚོམ་ཕྲན་གཞི་བཟུང་ནས་དམ་པ་ཁོང་གི་དངོས་སློབ་རྣམས་ཀྱིས་མཐོང་ཐོས་ཀྱིས་རྐྱེན་བྱས་ནས་མཛད་འཕྲིན་ཆུ་ཐིགས་ཙམ་དམ་པ་རིན་པོ་ཆེའི་གསུང་འབུམ་སྒྲིག་མཚམས་སུ་གཟི་རྩ་སངས་རྒྱས་དོན་གྲུབ་ཀྱིས་བསྡུས་ནས་བྲིས་པ་དགེ་ལེགས་འཕེལ།། །།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.