ལོ་རྒྱུས་ཀྱི་གུད་དུ་སྦས་པའི་མུ་ཏིག་རྡོག་གཅིག
ལྡོང་ཡོན་ཏན་རྒྱ་མཚོ། ༼རྔ་བ།༽
ངས་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་རྒྱས་པར་བསྟན་པའི་བོན་གྱི་གཞུང་ཆེན་མོ་དག་ལ་ཆེད་དུ་སློབ་སྦྱོང་དང་ཞིབ་འཇུག་བྱས་མ་མྱོང་ཡང་། གངས་ཅན་བོད་པའི་དར་རྒུད་ལ་བསམ་གཞིག་ཅུང་ཟད་རེ་བཏང་མྱོང་མཁན་ཞིག་དང་། གནའ་བོའི་ལོ་རྒྱུས་ཀྱི་དཔེ་ཆ་མང་ཙམ་བཀླགས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། བོན་པོའི་སྐོར་མང་བོ་མང་བོ་ཞིག་མཐོང་མྱོང་ལ། ཁ་ཁུ་སིམ་མེར་བསྡད་དེ་འདིའི་ཕྱོགས་ལ་གཟབ་ནན་རང་བཞིན་གྱིས་བསམ་གཞིག་རེ་འགའ་འང་བཏང་མྱོང་ཞེས་བཤད་ཆོག ཕྱོགས་སུ་མ་ལྷུང་བའི་གཟུ་བོའི་བློ་མིག་གིས་དཔྱད་ཅིང་བལྟས་ན། བོན་ཆོས་ཟེར་བ་འདི་བོད་མི་རིགས་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་མི་རིགས་རང་བཞིན་གྱི་རིག་གཞུང་ངོ་མཚར་བ་ཞིག་སྟེ། འདི་ལ་ཚུགས་ཐུབ་ཀྱི་རང་གཤིས་དང་ལོ་རྒྱུས་ཀྱི་དྲི་བསུང་སོགས་ཆེས་བསྔགས་པར་འོས་པའི་ཆ་མང་བོ་ཞིག་ཡོད་པའི་ངོས་འཛིན་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་གནས་སྟངས་ཤིག་གིས་ལོ་ངོ་བརྒྱ་སྟོང་ཁ་ཤས་བརྒྱུད་དེ་འོང་བའི་དུས་ད་ལྟ། བོན་ཟེར་བ་འདི་ནི་ཤིན་ཏུ་ཁྲོལ་དཀའ་བའི་གབ་ཚིག་ཅིག་གམ་སྨྲ་བསམ་བརྗོད་བྲལ་གྱི་གསང་བའི་བཙན་རྫོང་ཞིག་གི་ངོ་བོར་ཐིམ་འདུག་པས། བན་བོན་གང་ཡིན་ཡང་དྲང་ལྡོག་གཉིས་ཆ་ནས་ཐལ་ཆེ་བའི་སྡོམ་ཚིག་དང་འགྲེལ་བརྗོད་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་གདའ།
ངས་ནི་བོན་པོ་རྣམས་ནང་བ་ཡིན་མིན་དེ་གཙོ་བོར་འཛིན་གྱིན་མེད་ལ། བོན་ལ་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་ཟེར་རྒྱུ་ཞིག་ཡོད་མེད་ལའང་རྩོད་པ་རྒྱག་གིན་མེད། ང་ལ་མཚོན་ན་བོན་གསར་དང་བོན་རྙིང་གང་ཡིན་ཡང་རུང་གནད་དེ་འདྲ་མི་ཆེ་སྟེ། ངས་བོན་ཕྱོགས་ལ་ངོས་འཛིན་དང་གདེང་འཇོག་བྱེད་སྟངས་ནི། སྟོན་པ་གཤེན་རབ་མཆོག་ནི་སྐྱེ་དགུའི་བདེ་སྡུག་ཐུགས་ལ་བསྣམས་པའི་སྐྱེས་མཆོག་ཅིག་དང་། དེས་བསྟན་པའི་བོན་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཚུལ་བཞིན་ཉམས་སུ་བླངས་ན་གྲུབ་པའི་རྟགས་མཚན་སྣ་ཚོགས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ། ཁྱད་པར་དུ་བོད་བཙན་པོའི་རྒྱལ་རབས་ཉེར་བདུན་གྱིས་བོན་སྲིད་ཟུང་འབྲེལ་ལ་བརྟེན་ནས་བོད་ཁམས་བདེ་བར་བསྐྱངས་པ། བོན་ཆོས་བརྒྱུད་འཛིན་དང་དར་སྤེལ་ནི་བོད་རིག་པའི་དོན་དག་གཙོ་ཤོས་ཤིག་ཡིན་པ། བན་བོན་མཐུན་སྒྲིལ་ཡོད་མེད་ཀྱིས་བོད་པའི་དར་རྒུད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སླ་བ། བན་བོན་ལྟ་བ་མཉམ་གནས་ལ་བརྩོན་དགོས་པ་ནི་གཟུར་དུ་མེད་པའི་དུས་རབས་ཀྱི་འཁན་འཁྲི་ཞིག་ཡིན་པ་སོགས་སོ།།
ངས་འདི་ལྟར་བོན་ཕྱོགས་ལ་བཟུང་བའི་སེམས་པའི་རང་མདངས་དམར་རྗེན་དུ་སྟོན་པ་ལ་རྒྱུ་མཚན་ཡོད་དེ། ད་ལྟ་ལ་ལས་བོན་པོ་རྣམས་ལ་མཐོང་ཆུང་དང་ཟུར་ཟའི་རྣམ་པ་སྟོན་པ་དང་། བོན་ཕྱོགས་ནས་ཀྱང་ཚུར་འཁོན་སེམས་འཆང་མཁན་དང་རང་ཉིད་ཁེར་རྐྱང་ཡིན་པའི་བསམ་བློ་འཁོར་མཁན་ཡང་རེ་ཟུང་ཡོད་པར་སྣང་བས་སོ། །བན་བོན་གང་ཡིན་ཡང་སྙིང་བོ་བྱམས་བརྩེས་སྦྲུམས་ཤིང་། ལས་འབྲས་དང་ཚེ་སྔ་ཕྱི་ཁས་ལེན་པའི་ཆོས་ལུགས་ཤིག་ཡིན་ལ། བོད་མི་རིགས་ནི་བན་བོན་གྱི་ཆོས་ལ་དད་པའི་དཔུང་སྡེ་ཆེན་པོ་ཁག་གཉིས་ཀྱིས་གཙོ་བོར་གྲུབ་ཡོད་དེ། རིགས་རུས་དང་སྐད་ཡིག ཐ་ན་ལས་དབང་ཚུན་ཆད་ཆུ་ལ་ཆུ་བཞག་པ་བཞིན་ངོ་བོ་དབྱེར་མེད་ཡིན་ན། ཕན་ཚུན་ལ་བརྩི་བཀུར་དང་ཕྱར་བ་གྲུ་འདེགས་ཀྱི་ལས་ལ་བརྩོན་དགོས་པ་ནི་མང་དུ་སྨྲ་མི་དགོས་པའི་གནས་ཤིག་མ་ཡིན་ནམ།
དྲང་མོར་ཞུས་ན། འདས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་རྫོགས་པ་བོན་ལ་བརྟེན་པའི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་གྲངས་མེད་ཅིག་བྱོན་འདུག་ལ། ད་ལྟའི་ཆར་ཡང་སྐུ་ཚེ་སྒྲུབ་པར་སྙོམས་མཁན་གྱི་སྦས་པའི་རྣལ་འབྱོར་བ་མང་དག་ཅིག་ཡོད་ཚོད་གདའ་སྟེ། རྟགས་མཚན་སྣ་ཚོགས་པའི་ཀློང་ནས་སྐུ་ཞི་བར་གཤེགས་པའི་བརྙན་གཟུགས་ཁ་ཤས་ཀྱང་དྲ་རྒྱ་དང་སྐད་འཕྲིན་བརྒྱུད་ནས་མཐོང་ཐོས་ཀྱི་དགའ་སྟོན་མངོན་དུ་གྱུར་ཏོ།།གཞན་ཡང་། གསུང་གི་ལང་ཚོ་པོ་ཏིིར་བསྡེབས་པའི་མཁས་པ་དང་། ཁྲི་སྡེ་འབུམ་སྡེ་སྐྱོང་བའི་དཔོན་པོ། མཁོ་དགུའི་ལོངས་སྤྱོད་སྩོལ་བའི་དོན་མཐུན་པ། སྒྱུ་རྩལ་ལས་རིགས་ཀྱིས་རང་སྡེའི་དབུ་འཕང་བསྟད་པའི་ཆེད་མཁས་པ། རང་གི་ལུས་སྲོག་ལའང་ཅི་མི་སྙམ་པའི་རིགས་ཞེན་པ་སོགས་དད་གུས་བོན་ལ་བཅོལ་ཞིང་བོད་པའི་གཟི་བརྗིད་དུ་བགྲང་ཆོག་པའི་མི་སྣའང་ཉུང་ཉུང་ཞིག་ག་ལ་ཡིན།
དཔེར་ན། དུས་རབས་བཅུ་དགུ་བའི་དུས་མཇུག་སྟེ། སྤྱི་ལོ་༡༨༨༨ལོར་ངའི་ཕ་ཡུལ་རྔ་བ་དང་ཅུང་ཁད་ཉེ་བ་མདོ་སྨད་ཨ་མདོའི་ས་ཁུལ་ཤར་ཁོག་གམ་ཟུང་ཆུར་སྐུ་འཁྲུངས་པའི་ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་ནི་ངས་གོང་དུ་བརྗོད་པའི་དད་གུས་བོན་ལ་བཅོལ་ཞིང་བོད་པའི་གཟི་བརྗིད་དུ་བགྲང་ཆོག་པའི་མི་སྣ་ལས་ཚབ་མཚོན་གཙོ་ཤོས་སམ་ཡག་ཤོས་ཤིག་སྟེ། མཁས་དབང་ཁོང་ནི་དྲ་གྲོགས་མིང་ལ་ར་མདའ་བ་ཟེར་བ་ཞིག་གི་བཀའ་དྲིན་ལ་བརྟེན་ནས་ངས་ཐོག་མར་ངོ་ཤེས་ཤིང་། རྗེས་སུ་ལོ་རྒྱུས་སྨྲ་བ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བྲིས་པའི་མཛད་རྣམ་མདོར་བསྡུས་ཤིག་ལས་རྒྱུས་ལོན་ཏོག་ཙམ་བྱས་པ་ཡིན། ངོ་མ་འདས་ཟིན་པའི་བོད་པའི་སྤྱི་ཚོགས་ལོ་རྒྱུས་ཁྲོད་ཆེས་སྤྱིར་བཏང་བའི་མི་ཚེའི་བརྒྱུད་རིམ་ལ་བརྟེན་པའི་ངེས་དོན་དྲན་དབང་མང་བོ་ཞིག་བྱོན་འདུག་ཨང་།
བོན་གྱི་མཁས་པ་ཁོང་གིས་རང་ལོ་བཅུ་གསུམ་སྟེང་ནས་རང་སྦྱོང་ལ་བརྟེན་ཏེ་ཡི་གེ་འབྲི་ཀློག་གི་དབུ་བཙུགས་ཤིང་། དུས་ཡུན་ཐུང་ངུའི་ནང་གྲུབ་འབྲས་མི་དམན་པ་ཐོབ་སྟེ་ཁོང་གི་ཕྱག་བྲིས་ལ་གཞན་དང་ཆེས་མི་འདྲ་བ་མཐོང་མ་ཐག་ངོས་འཛིན་ཐུབ་པའི་ཁྱད་ཆོས་ཤིག་ཡོད་ཅེས་མང་བོས་གླེང་།རིམ་གྱིས་ལྷ་རིས་ལའང་བྱང་ཆུབ་པར་གྱུར་མོད། རྒྱ་མཚོ་ཆུ་ཡིས་མི་ངོམ་པ་དང་མཁས་པ་ལེགས་བཤད་ཀྱིས་མི་ཚིམ་པའི་བདེན་དོན་ལྟར་ཁོང་གིས་ཀྱང་སྐྱིད་པའི་ཕ་ཡུལ་ཤར་ཁོག་རྒྱབ་ཏུ་བཞག་སྟེ། དབུས་གཙང་དུ་ཞབས་ཐང་ལ་ཕེབས་ནས་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཁྱད་པར་ཅན་མང་བོ་ལས་དབང་ལུང་མན་ངག་ཞུ་བ། ཀོང་པོ་སྟག་རྩེ་རི་ཁྲོད་དགོན་པར་བཞུགས་ཏེ་ཀོང་པོའི་གནས་ཆེན་ཁག་དང་། སྟོན་པ་གཤེན་རབ་མི་བོས་བྱིན་གྱིས་རླབས་པར་གྲགས་པའི་གནས་མཆོག་བོན་རི་སོགས་ལ་གནས་བསྐོར། ནང་བའི་གདན་ས་གྲགས་ཅན་སེ་འབྲས་དགའ་གསུམ་ལ་མཆོད་མཇལ་སོགས་གྲུབ་རྗེས། བོན་གྱི་གྲྭ་ས་ར་ལག་གཡུང་དྲུང་གླིང་ཏུ་ཕེབས་ནས་རབ་ཏུ་བྱུང་། མཁས་པའི་དབང་པོ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་སོགས་བསྟེན་ཏེ་བོན་གྱི་བཀའ་྄པོ་ཏི་ལྔའི་གཞུང་ཆེན་འཆད་ཉན་གྱི་རྩོད་གྲྭར་ཞུགས་པ་མ་ཟད་སྤྱིའི་རིག་གནས་ཆེན་པོ་ལྔའི་སློབ་སྦྱོང་ཡང་མཐའ་ཕྱིན་པར་མཛད། རྫོགས་ཆེན་ཨ་ཁྲིད་ཀྱི་སྔོན་འགྲོ་དང་དངོས་གཞི་སོགས་ཞུས་ཏེ་སྒོམ་གྱི་ཉམས་ལེན་ཡང་བསྐྱངས། མཆེད་གྲོགས་དམ་པ་མཁས་པའི་ཁྱུ་མཆོག་སྒང་རི་བ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་ལྷན་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས། སྤྱི་ལོ་༡༩༢༠ལོར་གཡུང་གླིང་མཁན་ཆེན་ཤེས་རབ་བློ་ལྡན་མཆོག་གི་བཀའ་ལྟར་རང་ཡུལ་ཨ་མདོར་ཕེབས་ཏེ། ཟུང་ཆུའི་ཕྱོགས་ཀྱིས་གཙོས་འཕན་ཆུ་མདའ་ཆེན་དགོན་དང་གནས་ཆེན་བྲག་དཀར་བྱ་རྒོད། རྔ་ཁོག་འཕན་ཆུ། མདའ་ཆེན་དཀར་མོ་རི་ཁྲོད། སྐྱང་ཚང་དགོན་པ་ཕུན་ཚོགས་དར་རྒྱས་གླིང་། མཐེ་བོ་རྣམས་སུ་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ་ཞིང་། ཧོར་བ་དྲུང་རམས་པ་ཞེས་པའི་གྲགས་དཀར་ཕྱོགས་སུ་མཆེད་མོད། དམངས་གཙོ་བཅོས་བསྒྱུར་དང་། རིག་གནས་གསར་བརྗེ་སོགས་ཀྱིས་ཧོར་བཙུན་དམ་པ་ཁོང་ཡང་ཉེས་མེད་ཉེས་འགེལ་གྱིས་བཙོན་དུ་བཅུག་པ་སོགས་བློས་མི་དཔོག་པའི་སྐུ་ཚེགས་ལ་གཏད་ཀྱང་། ཆོས་ལུགས་པ་ཞིག་ལ་ཡོད་དགོས་པའི་རང་གཤིས་དང་ལྡན་པར་མངོན་ལྐོག་ཅི་རིགས་ནས་སྒྲུབ་པ་ཉམས་བཞེས་ལ་གཞོལ་ཞིང་དད་དམ་གཙང་མས་སྐུ་ཚེ་མཐའ་འཁྱོལ་བར་གནང་སྟེ། དགུང་ལོ་གྱ་བདུན་པ་སྤྱི་ལོ་༡༩༧༥ལོར་སྐུ་གཤེགས་སོ།། གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་གི་ཁུར་ཐེག་པའི་ཞལ་སློབ་ཀྱང་མང་བོ་ཡོད་འདུག་ལ། ཧོར་བཙུན་དམ་པ་རང་གིས་བྲིས་པའི་རྟོགས་བརྗོད་སྟོད་ཆ་ཙམ་ཡོད་པ་དེར་རྟོགས་ལྡན་བློ་བཟང་རྒྱ་མཚོས་ཁ་སྐོང་བགྱིས་པ་ཞིག་ཀྱང་ཡོད་འདུག་པས་གོ་སྐབས་བྱུང་ན་ཞིབ་པར་མཇལ་འདོད་ཡོད་ལ། ཀློག་པ་བོ་ཁྱོད་ཀྱིས་ཀྱང་སྐྱེས་བུ་དམ་པའི་ཁྱད་ཡོན་མཁྱེན་འདོད་ན་གླེགས་བམ་དེ་ཉིད་དང་གསུང་རྩོམ་ཆིག་སྒྲིལ་བྱས་པ་སོགས་ཞིབ་པར་ཀློགས་ཤིག
ང་ཚོས་མཁས་དབང་འདི་འདྲ་ལ་ངེས་པར་དུ་རྗེས་ཞུ་འོས་མོད། ཁོང་དང་ཁོང་ལྟ་བུ་མང་བོ་ཞིག་ཆེས་ལྷིང་འཇགས་ཀྱིས་ཕེབས་ཤིང་སྣང་མེད་དུ་བཞག་པས། ཕལ་མོ་ཆེའི་གཟི་བྱིན་དང་ཕྱག་རྗེས་མག་མོག་ནས་གཞི་མེད་དུ་ཡལ་སོང་། དུས་ད་ལྟ། སྒང་བ་བོད་པ་ཚང་གཉིད་ལས་སད་སྟངས་ཤིག་ཡིན་ནམ། ཆགས་སྡང་དང་རིགས་མཐུན་ཕྲག་དོག་སོགས་ཀྱི་གནོན་ཤུགས་མ་བཟོད་པར་རང་སྲོག་བཅད་པ་ལའང་རྗེས་དྲན་བྱེད་ཀྱིན་འདུག་ལ། ཆང་སྐྱོན་གྱིས་ཤི་བ་དང་གཟའ་འཁོན་གྱིས་ལྕེབས་པ་སོགས་ལའང་། གློ་སྙིང་མཆིན་གསུམ་འདར་འདར་དང་མིག་ཆུ་འཛར་འཛར་གྱིས་ཤུགས་ཆེན་པོས་རྗེས་དྲན་དང་ངོ་སོ་བསྟོད་པར་བྲེལ་བ་ལས། ཕྱག་རྗེས་ཀྱི་ཟབ་ཚད་མི་གཞལ་ལ་སྐུ་ཡོན་གྱི་གཏིང་མཐའ་མི་འཚོལ། དེ་བས་ངས། ལྟ་གྲུབ་མི་གཅིག་ཀྱང་རིགས་རྒྱུད་གཅིག་པའི་བོད་པའི་མཁས་དབང་ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་ལ་མ་བཅོས་སེམས་པའི་གཏིང་རིམ་ནས་རྗེས་དྲན་དང་གུས་འདུད་ལན་བརྒྱར་འདོད།
མི་རིགས་ཀྱི་ངོས་ནས། ཤེས་རབ་ཀྱི་ཆ་ནས། རྗེས་དྲན་ཟེར་བ་ཁོང་དང་ཁོང་ལྟ་བུ་ལ་མི་ཞུ་ན་སུ་ལ་ཞུ།
༢༠༡༥/༤/༢༣
འབོལ་རྩོམ་བདམས་བཀོད།