སྐྱོ་གདུང་གི་མིག་ཆུ།
བོད་གངས་ཅན་རྔུལ་རྫ་ཟལ་མོ་ཡི་སྒང་སྟོད།།
སྦྲ་རེ་ནག་ཁ་ཆར་བུ་ཡུག་གི་ཁྲོད་དུ་།
ལུས་ལྟེ་ཁྲག་མཆོད་ནས་ད་ལྟ་ཡི་བར་ཀྱི།
བསྐྱིད་དགའ་སྡུག་སྤེལ་མའི་དྲན་ཚུལ་དེ་ཤོར་སོང་།
ཆུང་བྱིས་པ་བགྲང་བྱ་བཞི་ལྔ་ཡི་མཚམས་ནས།
ཞིམ་སྦྲང་དཀར་ཤ་མར་ཁ་ཟས་སུ་རོལ་ཏེ།
ཕྱུགས་བེའུ་ལུག་འཚོ་སྐྱོང་ལྷོད་གཡེང་དུ་བཏང་ནས།
རྫུན་ཁྲམ་པས་མི་འགོ་བསྐོར་མཁན་ང་སྐྱོ་ཨང་།
ལོ་བཅུ་ཕྲག་ཟིན་དུས་ཕ་ལོ་དེ་གཤེགས་སོང་།
དྲིན་མ་ལོས་ཤེས་ཡོན་སློབ་གླིང་དུ་རྫོངས་ཀྱང་།
སྡུག་བུ་རོལ་ལེ་ལོ་བྱིང་རྒོད་དེ་ཆེ་བས།
མགོན་མ་ལོའི་བསམ་དོན་མ་འགྲུབ་འདི་སྐྱོ་ཨང་།
བརྒྱད་གཉིས་ནས་ཉེ་གཅིག་བགྲང་བྱ་ཡི་བར་དེར།
ཕོ་རྒོད་པོའི་དཔུང་ཤུགས་འགྲན་ཟླ་དེ་ཚད་ཅིང་།
སྨན་མཛངས་མའི་འདོད་པའི་རེ་བ་བསྐངས་ཀྱང་།
དོན་སྙིང་པོ་སྦལ་སྤུའི་ངང་ཚུལ་འདི་སྐྱོ་ཨང་།
ལོ་ཉེར་གཉིས་དྲི་མེད་གཡུང་དྲུང་གི་དྲུང་ནས།
ཁྲིམས་སོ་ཐར་སྡོམས་པའི་འབོག་ཆོག་དེ་བསྒྲུབས་ཤིང་།
བོན་སྔོནའགྲོ་དངོས་གཞིའི་སེམས་ཁྲིད་དེ་མཛད་ཀྱང་།
སྡུག་བླུན་རྒན་སེམས་ངོ་མ་འཕྲོད་འདི་སྐྱོ་ཨང་།
མགོན་རྟོགས་ལྡན་དྲི་མེད་གཡུང་གི་ཐུགས་དྲིན།
གནས་འཁོར་བར་ངེས་འབྱུང་སྤུ་སུལ་ཞིག་སྐྱེ་སྐབས།
ལས་དཀར་པོའི་དགེ་ཚོགས་བསྒྲུབས་ཁུལ་ཤིག་བྱས་ཀྱང་།
ཡུན་མ་བརྟན་དཀོར་སྒྱེ་ཁུར་ང་སྐྱོ་ཨང་།
ཚེ་སྔོན་མའི་ལས་རླུང་དྲག་པོ་ཞིག་འཚུབ་པས།
ལུས་སྟོན་མཇུག་ལྡུམ་ལོ་འཕགས་ཡུལ་གྱི་བྱང་ཕྱོགས།
དཔལ་གཤེན་བསྟན་སྨན་གླིང་འདུས་སྡེའི་ཡི་ཁྲོད་དུ།
དུས་སྐད་གཅིག་ཙམ་ན་དབང་མེད་དུ་སྤོར་སོང་།
གནས་དེར་བཞུགས་མཁས་སློབ་རྣམ་གཉིས་ཀྱི་དྲུང་ནས།
མགོན་དམུ་སྲས་སྡོམ་བརྒྱུད་དངས་གཙང་ལ་རོལ་ནས།
དགོན་བཤད་སྒྲུབ་ངང་པའི་ཁྱུ་ཚོགས་དང་འགྲོགས་ཀྱང་།
བརྡ་མ་འཕྲོད་ལྐུགས་པའི་ངང་ཚུལ་འདི་སྐྱོ་ཨང་།
གཞི་བསྡུས་གྲ་མིང་གཞི་དབུ་འཁྱུད་དུ་རྩོམ་ནས་
ཕྱི་སྐར་རྩིས་སྣང་སྲིད་མཛོད་ཕུགས་ཀྱི་བར་དུ།
ལོ་བཅུ་ཕྲག་རིང་ལ་འབད་པ་ཞིག་བྱས་ཀྱང་།
མཐའ་འཁྱོལ་བ་སྦལ་སྤུའི་ངང་ཚུལ་འདི་སྐྱོ་ཨང་།
ཕྱི་རིག་གནས་མཁས་པའི་གོ་འཕང་དེ་མ་ཐོབ།
ནང་ས་ལམ་རྟོགས་པའི་ཡོན་ཏན་དེ་མ་བརྙེས།
བར་སྤྱི་ཚོགས་ཕན་པའི་བྱ་བཞག་དེ་མ་བསྐྲུན།
སྡུག་བླུན་རྒན་སྐྱོ་བའི་མིག་ཆུ་དེ་ཤོར་སོང་།
སྨན་རིའི་སློབ་གཉེར་བ་ཨ་ཀྲོང་སེམས་དཔའ་རྒྱལ་མཚན་ནས།།