དེ་ཡང་སྔ་རབས་མཁས་པའི་ཞལ་རྒྱུན་དྲི་མ་མེད་པ་དག་གཞིར་བཟུང་གིས་ཕྲན་ནས་ཕྱི་རབས་རང་མཉམ་རྣམས་ལ་ཕན་སྙམ་གྱིས་ཀུན་ནས་བསླངས་ཏེ། རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་སྐོར་གྱི་ཟིན་བྲིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་ལུགས་ལྟར་འགོད་པར་བྱའོ། །
དང་པོ། བོད་ཟླ་དང་པོའི་ཚེས་བཞི་དང་ལྔ་ལ་མཉམ་མེད་དུས་ཆེན་ཡིན་ཞིང་ཐོག་མར་བོད་ཟླ་དང་པོའི་ཚེས་གསུམ་ཉིན་མཆོད་བཟོ་བྱ་དགོས། ཚེས་བཞི་ཉིན་གྱི་ཞོགས་པ་ཕྱག་ཚོད་དྲུག་པའི་ཐོག་ཡར་འཚོགས་ལ་བདེ་ཆེན་རྒྱལ་པོ་ཚར་གསུམ་ཤར་འདོན་དང་ཚར་གཅིག་གྱེར་སིལ་རོལ་བྱ། བདག་དང་འགྲོ་བ་ཤར་འདོན། སྐྱབས་འགྲོ་སེམས་བསྐྱེད། བདེ་ཆེན་ལྷུན་འགྲུབ། ཀུན་སྐྱོབས་མཐུ་ལྡན། རྒྱལ་བ་ཀུན་འདུས། མཎྚལ་ཡན་ལག་དྲིན་ཆེན་རྩ་གྱེར་སིལ་རོལ་བྱ། ཀློང་ རྒྱས་དབུ་ནས་རིམ་བཞིན་བརྗོད་ལ་སྐྱབས་འགྲོ་བདག་དང་འགྲོ་བ་གྱེར་རིང་སྟོང་མཚན་ དབུར་བཞག་ནས་ཇ་མཆོད། སྟོང་མཚན་དབུ་ནས་ཕྱོགས་གཅིག་གསུང་ལ་ཞོགས་འཚོགས་གྲོལ། རྡོ་ཏིང་ནས་ཡར་འཚོགས་ལ་ཕྱོགས་གཉིས་གསུང་སྟེ་ཕྱག་ཚོད་བཅུ་པའི་ཇ་མཆོད་ཡང་ བསྐྱར་ཕྱོགས་གཅིག་གསུང་ནས་གྲོལ། རྡོ་ཏིང་དུང་དང་བཅས་ནས་ཡར་འཚོགས་ཏེ། བདེ་ཆེན་ལྷུན་གྲུབ། ཀུན་སྐྱོབས་མཐུ་ལྡན། གསོལ་འདེབས་མ་རིག་མུན་སེལ། ཕྱོགས་གཅིག་གསུང་ལ་ཞལ་ལག་མཆོད། བར་ཆད་ལམ་སེལ་ནས་གྲོལ། ཕྱག་ཚོད་གཉིས་པ་ཐོག་ཡར་འཚོགས་ལ་ཕྱོགས་གཉིས་གསུང་ལ་མངར་ཇ་མཆོད་ཡང་ སྐྱར་ཕྱོགས་གཅིག་གསུང་ནས་གྲོལ། དེ་ནས་ཡར་འཚོགས་ལ་བཀའ་སྐྱོང་དབུ་ནས་ཡུམ་སྲས་བར་གསུང་ལ་གསོལ་ཇ་མཆོད་ཞིང་ མཆོད་རྔ་བརྡུང་ དམར་ལམ་བྲོ་ཕྱ་ཚེ་སོགས་སྤྱི་ལྟར་བྱ་ལ་གྲོལ་རྒྱ་རྔ་ནས་ཡར་འཚོགས་ལ་སྨོན་ལམ་ གསུང་བཞེས་ཐུག་མཆོད་སྨོན་ལམ་འདི་བཏབ་གྱེར་ཡིག་བརྒྱ་སྒོ་གསུམ་དག་པ་གྱེར་ལ་ འཚོགས་གྲོལ།
བོད་ཚེས་ལྔ་ཉིན་གྱི་ཞོགས་པ་ཕྱག་ཚོད་དྲུག་པའི་ཐོག་ཡར་འཚོགས་ལ། བདེ་ཆེན་རྒྱལ་པོ་རྗེས་སིལ་རོལ། མཎྚལ་ཡན་ལག་སིལ་རོལ། གཙོ་བཞིའི་སྐུ་བསྟོད་སླར་ཡང་ཚར་གཅིག་བརྗོད། སྟོང་མཚན་ལྷོ་ཤར་གསུང་ལ་བཞག་སྟེ་ཇ་མཆོད།
འོག་ཕྱོགས་དང་བྱམས་མ་ཚར་གཅིག་བརྗོད་ལ་གྲོལ། མཆོད་དཔོན་གྱིས་ཆུ་གཏོར་བཤམས་ལ་དབུ་མཛད་ཀྱིས་ནམ་རྒྱུན་ལྟར་བོན་སྤྱོད་སྐལ་བཟང་སི་ཏི་ནས་མཆོད་གཏོར་རྩིས་འགོ་བདུན་པ་དང་བདུད་རྩི་ཆུ་རྒྱུན་གཉིས་བཀྲ་ཤིས་གཤིགས་སྤྱོད་བཅས་པ་ཤར་འདོན་བྱ་ལ་གྲྭ་མང་དང་ལྷན་དུ་གཤེན་རབ་མཆོད་རྔ་བརྡུང་། དེ་མཚམས་འཆམ་རར་དར་ཆེན་བསླངས། ༧སྐྱསབ་རྗེ་ཁྲི་འཛིན་རིན་པོ་དང་གྲྭ་མང་ཡོངས་ནས་རབ་གནས་ཤོག་གཅིག་མ་གསུང་ཨ་མུ་ཁྱུང་སོགས་ལན་གསུམ་རེ་གྱེར་སྟོན་པ་ཐུགས་བརྗེ་བརྗོད་ལ་ཕྱེ་མར་མཆོད། རྡོ་ཏིང་ནས་ཡར་འཚོགས་ཤིང་བྱམས་མ་ཚར་ཁ་ཤས་གསུང་། ཟླ་བྲལ་ཨ་དཀར་གྱེར་ཏེ་གསོལ་ཇ་མཆོད་བར་ཆད་ལམ་སེལ་ནས་གྲོལ། མགྱོགས་པོར་སེར་ཕྲེང་གྲལ་བསྒྲིགས་ནས་རྔ་གཤང་རོལ་མོ་ཆིམ་རྒྱག་བྱ་ཞིང་སྐོར་བ་ཕེབས། འཆམ་རར་འབྱོར་རྗེས་གཤེན་རབ་མཆོད་རྔ་བརྡུང་བཞུགས་གྲལ་འཁོད་རྗེས་བདེ་ཆེན་རྒྱལ་པོ་ཚར་བཞི་གཅིག་གྱེར། མཛད་བཅུའི་བསྟོད་པ་དང་བདེ་ཆེན་ལྷུན་གྲུབ་གསོ་སྦྱོང་དབུ་ནས་འདུལ་བ་བརྒྱུད་ཕྱག་བར་ནམ་རྒྱུན་ལྟར་ཤར་འདོན་བྱ་ཕྱག་འགོར་ཡར་བཞེངས་བརྒྱུད་ཕྱག་ལེགས་པ་ཀུན་འབྱུང་གྱེར་ཆེན་དབུ་མཛད་ཆེ་ཆུང་གཉིས་ལན་རེས་དགོས།
གཞན་ཡང་ཕྱོགས་བཅུ་ནས་ཞལ་བསྒྲིགས་བཤགས་པ་གསུང་ལ་སར་བཞུགས་རྣམ་ལྔ་དང་སྐུ་བསྟོད་བརྗོད་སིལ་རོལ་སྨོན་ལམ་རྣམ་གསུམ་ཞི་གྱུར་བདེར་གཤེགས་སྤྱན་དྲང་བརྗོད་མཁན་རིན་པོ་ཆེ་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུང་གྲྭ་མང་ནས་སྔ་རབས་འདས་པ་བརྗོད། ཇ་བསྟོད་བླ་མ་སངས་རྒྱས་གསུང་ལ་གསོལ་ཇ་མཆོད། རྗེ་རྒྱལ་བ་དང་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་སོགས་གྱེར། དེ་ནས་ཡར་བཞེངས་ཏེ་རྔ་གཤང་རོལ་མོ་ཆིན་བརྒྱག་བྱ་ཞིང་གླིང་བསྐོར་འགྲོ་དགོས་བསྐོར་བ་ཚར་ནས་འདུལ་ཁང་མདུན་དུ་སླེབས་རྗེས་། རྡོ་སྐྲས་གཡས་གཡོན་དུ་གྲལ་བསྒྲིགས་ཤིང་གཤེན་རབ་མཆོད་རྔ་བརྡུང་། ནང་དུ་ཕེབས་ནས་བླ་མ་མཆོད་པ་གྱེར་ཀློང་རྒྱས་དུག་ལྔ་བཤགས་པ་བརྗོད། མར་བཞུགས་ལ་ཀློང་རྒྱས་སྒོ་དབྱེ་ནས་རིམ་བཞིན་ནམ་རྒྱུན་ལྟར་གཤེགས་གསོལ་བཀྲ་ཤིས་བདེ་གཤེགས་སྤྱན་དྲངས་སོགས་བརྗོད་ལ་འཚོགས་གྲོལ།
དེ་ནས་སྒྲུབ་ཁང་ལྷ་མཆོད་ཀྱིས་གྷན་དྷེ་བརྡུང་ལ་འཆད་ར་འཚོགས་ཤིང་རྩོད་སྒྲ་སྒྲོག
དེ་རྗེས་བསྟན་རྒྱས་སྨོན་ལམ་གསུངས། རྡོ་ཏིང་དུང་དང་བཅས་ནས་ཡར་འཚོགས་། བདེ་ཆེན་རྒྱལ་པོ་བདག་དང་འགྲོ་བ་ལན་གཉིས་ཤར་འདོན་གཅིག་གྱེར་བླ་མ་སངས་རྒྱས་ལན་གསུམ་དབང་གི་ཞུ་ལན་སྐད། མཁའ་མཉམ་སེམས་ཅན་ལན་གཅིག་ཤར་འདོན།
འཛམ་བུ་གླིང་དུ་གསེར་གྱི་ཉི་མ་ལན་གསུམ་མྱ་ངན་སྐད་བདེ་ཆེན་ལྷུན་གྲུབ་མྱ་ངན་སྐད་བསྟོད་པ་རྣམ་རྒྱལ་ཁང་བཟང་བརྗོད་ལ་ཞལ་ལག་མཆོད་བར་ཆད་ལམ་སེལ་ནས་གྲོལ་ཕྱག་ཚོད་གཉིས་པའི་ཐོག་ཡར་འཚོགས་ལྷ་ཡི་བོན་ཡན་ལག་བརྒྱད་པ་བརྗོད་སྙན་བརྒྱུད་སྔོན་འགྲོ་གྱེར་མངར་ཇ་མཆོད་ཨ་ཁྲིད་སྔོན་འགྲོ་གྱེར་ལ་ཚོགས་གྲོལ། ཡར་འཚོགས་ལ་རྫོགས་ཆེན་སྔོན་འགྲོ་གསུངས། ཁྲི་འཛིན་རིན་པོ་ཆེ་གདན་འདྲེན་ཞུ་དགོས། དེ་ནས་ཇ་བསྟོད་སྐྱབས་མཆོག་དམ་པ་གྱེར། སྐྱབས་མཆོག་དམ་གྱེར་སྐབས་སུ་ཚོགས་ཆེན་དགེ་བསྐོས་ནས་གྲལ་གཞུང་རྣམས་སུ་ཡར་འགྲོ་མར་འགྲོ་བྱ་ཞིང་དགེ་དབྱུག་ས་ལ་བརྡུང་ཙམ་བརྡུང་བྱ་ནས་འགྲོ་དགོས། དེ་ནས་གཉེར་པས་བཅའ་ཡིག་སྒྲོག་ཁར་ཡང་དགེ་སྐོས་ཀྱིས་དགེ་དབྱུག་ས་ལ་ཐེང་གསུམ་བཞུས་བཅའ་ཡིག་སྒྲོག་ཚར་བ་དང་ཡང་བསྐྱར་དགེ་དབྱུགས་ས་ལ་ཐེངས་གསུམ་ལ་བཞུས་མཚམས་བྱམས་མ་ནས་ཚོགས་གྲོལ། རྒྱ་རྔ་སྨོན་ལམ་བཞེས་ཐུག་རྗེ་རྒྱལ་བ་དང་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་ སོགས་གྱེར་ནས་ཚོགས་གྲོལ་ཕྱག་ཚོད་བདུན་པར་གཟིམ་དུང་དེའི་ཚེ་གྲྭ་མང་དང་མི་མང་རྣམས་བདེ་ཆེན་རྒྱལ་པོ་མྱ་ངན་སྐད་བྱ་ལ་འདུལ་ཁང་སྐོར་བ་ཕེབས་དགོས། གཟིམ་དུང་ཚར་བ་དང་འདུལ་ཁང་ནང་དུ་བླ་མ་མཆོད་པ་གྱེར་གཤེན་རབ་མཆོད་རྔ་བརྡུང་སྤོས་འདྲེན་འབུད་པ་དང་བཅས་རྗེ་རིན་པོ་ཆེའི་སྐུ་བརྙན་སྒོ་འཁྱམས་སུ་གདན་དྲངས། དབུ་མཛད་ཀྱིས་གང་གི་བདེན་ཚིག་གསུང་། མི་མང་རྣམས་རྗེའི་སྐུ་བརྙན་ལ་མཇལ་ཁ་ཞུས།
མཇུག་ཏུ་སྨོན་ལམ་འདི་བཏབ་གྱེར་ཞིང་བཀའ་རམས་པ་གཉིས་ནས་མཆོད་བརྗོད་གསུངས། གྲྭ་མང་རྣམས་ཀྱིས་བསྟན་རྒྱས་སྨོན་ལམ་བརྗོད། གཡག་སེང་སོགས་འཆམ་སྒྲུབ་ཁང་དུ་མཆོད་རྔ་བརྡུང་༧རྒྱལ་བ་སྨན་རིའི་བླ་བྲང་དུ་མཆོད་རྔ་བརྡུང་ཞིང་ཇ་བསྟོད་བདེ་ཆེན་རྒྱལ་པོ་གསུང་ཞིང་གསོལ་ཇ་དང་ཁུར་ཟས་བཞེས་ལ་གྲོལ་དགོས་པ་བཅས་ཀྱི་ཟིན་ཐོ་ཙམ་མོ།།
ཞེས་༧གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་མཉམ་མེད་དུས་ཆེན་སྐབས་ཀྱི་ཟིན་ ཐོ་ཙམ་དུ་བྱིངས་འདྲེན་མིང་འཛིན་ཨ་ཀྲོང་སེམས་དཔའ་རྒྱལ་མཚན་དུ་འབོད་པས་བགྱིས་ པ་དགེ་གྱུར་ཅིག
གཞན་ཟུར་དུ་གསལ་བཤད་ཞུ་རྒྱུ་ཞིག་ལ་འདི་སྐབས་ཕྱག་ཚོད་དེ་སྐབས་བབས་འཕགས་ཡུལ་གྱི་ཕྱག་ཚོད་དང་བསྟུན་ནས་བྲིས་པ་ཡིན་པས་དགོངས་འཇགས་ཞུ།