ཉ་མོ་ཆུ་དང་བྲལ་བའི་ལྷུག་བརྗོད།
༡
ཝེ། ཁྱུང་ཕྲུག་གི་འཕུར་རྩལ་གྱིས་ཁྱེད་རང་ཚོ་ག་ལེར་ནར་སོན་ཞིང༌། རིག་པ་ཡི་ལང་ཚོ་སྨྱུ་གུ་དང་ལྷན་ཅིག་སྨིན་པའི་འདས་སོང་གི་ཕམ་ཉེས་རེ་རེ། ཁྱེད་ཚོའི་མིག་ཆུའམ་དགའ་སྤྲོ་ཡིན་ན་ཡང༌། ལག་ཡོང་གི་རིན་ཆེན་དེ་གང་ན་ཡོད།
ཆུ་ཕྲན་ཞིག་ཆུ་མིག་ལས་བརྡོལ་ཅིང༌། ཁྱུང་ཕྲུག་ཅིག་གླག་མང་ནས་འཕུར་འོང་བའི་གཏམ་རྒྱུད་དེ་ང་ཡིས་རྟོགས་པར་གྱུར་ན་ནི། ཁྱེད་ཚོའི་འཇོན་ཐང་དང་རིན་ཐང་གི་ངོ་བོ་ཡོངས་སུ་མཐོང་ངེས། ཡིན་ཡང༌། ཁྱོད་ཚོ་ནི་ཁྱོད་ཚོ་སྟེ། ང་མ་ཡིན་པས་གཟི་བྱིན་གྱི་ལམ་ཞིག་བཙལ་ནས་འགྲོ་རྒྱུ་ནི་བདག་གི་རེ་བ་དང་ཁྱེད་རང་ཚོས་སྒྲུབ་འོས་པའི་ཁུར་བོ་ཉག་ཅིག་ཡིན། གསལ་བོར་ཤེས་རྒྱུ་ནི། འགྲོ་ལམ་ནོར་མི་རུང་ལ་ལམ་དུ་འགྲོ་ཤེས་རྒྱུ་ནི་དེ་བས་ཀྱང་གལ་ཤིན་ཏུ་ནས་ཆེ་བ་ཡིན་པ་དྭངས་གཙང་སེམས་ཀྱིས་སྐྱོངས་ཤིག རིགས་ཀྱི་བུ་སློབ་ཚོ།
༢
བགྲང་བྱ་དུ་མའི་འབད་འབུངས་ཀྱི་ཆུ་ཐིགས་རེ་རེ། ཁྱོད་ཚོ་ཁོ་ནའི་མ་འོངས་པའི་སྐོམ་སེལ་གཙང་ཆབ་འགྱུར་བར་སྨོན། ཁོ་བོའི་ཁ་གཡང་གི་དཔལ་འབར་དམར་པོ། ཁྱོད་ཚོའི་འབྱུང་འགྱུར་ལ་འོད་སྣང་སྩོལ་བའི་མེ་དཔུང་མཐོན་པོའི་གཟི་འོད་ཡིན་པར་དགོངས་དང༌། རིགས་ཀྱི་བུ་སློབ་ཚོ།
༣
དྭངས་གཙང་གི་ཆུ་བོའི་ཀློང་རིམ་དུ་ཆུ་དང་ཉ་མོའི་གཏམ་རྒྱུད་རྩེན། བློ་སྐྱོར་གྱི་དབྱངས་རྟ་འཁྱིལ་ས་ན་རྒན་དང་སློབ་བུའི་དགོད་སྒྲ་མཆེད། མེ་ཏོག་ཚད་པས་རྙིད་པའི་དུས་ད་ལྟ། ཁྱེད་རང་ཚོ་རང་གི་གནས་མལ་ནས་ལམ་ཕྲན་ཞིག་དེད་དེ་སོང༌། ང་ཡང་ང་ཡི་རྨི་ལམ་ཁྲོད་རྩེད་མཚར་གྱིས་འཁོར་ནས་འགྲོ། ཕྱིར་འོང་གི་སང་ལོར། ཡང་བསྐྱར་གཏམ་རྒྱུད་དང་དགོད་སྒྲའི་ཁྲོད་ན་མཇལ་འོང༌། རིགས་ཀྱི་བུ་སློབ་ཚོ།
༤
ཝེ། རིགས་ཀྱི་བུ་སློབ་ཚོ། ང་ཡི་མིང་ལ་ཀ་ཁ་ག་ང་ཞེས་བཏགས་པ་ནས་ཁྱེད་རང་ཚོ་ཡང་ཀ་ཁ་ག་ངའི་གདངས་དབྱངས་དང་ལྷན་ཅིག་ནར་སོན་པས་ན། ཀ་ཁ་ག་ང་དེ། ཁྱོད་ཚོའི་སྒྲོན་མེ་དང་ང་ཡི་གཟུགས་བརྙན་ཡིན་ཚུལ་གླེང༌། སྒྲོན་མེ་ཡི་ཀ་ཁ་ག་ང་དེ་ཁྱོད་ཚོའི་བློ་མུན་འབྱེད་པའི་བཤེས་གཉེན་དང་རྨོངས་པ་སེལ་བའི་འོད་སྣང་ཡིན་པར་རྟོགས་ཚེ། ཀ་ཁ་ག་ངའི་གཟུགས་བརྙན་དེ་ཁྱོད་ཚོ་ཡིན་ལ་ང་ཡང་ངོ༌། དེ་བས། ང་དང་ཁྱོད་ཚོ། ཀ་ཁ་ག་ངའི་འགྱུར་ཁུགས་དང་ཆབས་ཅིག་ལང་ཚོ་རྒྱས་ཤིང་རིག་པ་འཕེལ། ཡིན་ཡང༌། ཕན་ཚུན་གློ་བུར་འབྲལ་དགོས་རྐྱེན། ཀ་ཁ་ག་ངའི་རོལ་མོ་དེ་འདུ་འབྲལ་གྱི་སྐྱོ་དབྱངས་སུ་སྒྲོན་པར་ཞུ།
༢༠༠༩།༧།༡༥ མཚོ་ཤར་བ་ཡན་དུ།