བོད་ཀྱི་རིག་གནས་སློབ་གསོ་དང་འབྲེལ་བའི་གཏམ།
དེང་བོད་ཀྱི་རིག་གནས་སློབ་གསོའི་སྐོར་ལ་འདོད་ཚུལ་མང་དག་ཅིག་གླེང་དུ་ཡོད་པ་སྟེ། ཁ་ཅིག་གིས་བོད་ཀྱི་རིག་གནས་སློབ་གསོ་ནི་རྙིང་ཞེན་བག་འཁུམ་གྱི་གནས་སུ་ལུས་ཡོད་ཟེར་བ་དང༌། ལ་ལས་ནི་བོད་ཀྱི་རིག་གནས་སློབ་གསོ་ནི་རྣམ་པ་གསར་རྐྱང་ཞིག་གི་སྟེང་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བརྗོད། འོན་ཀྱང་ཁོ་བོའི་འདོད་ཚུལ་ལྟར་ན། བོད་ཀྱི་རིག་གནས་སློབ་གསོ་ནི་སྲོལ་རྒྱུན་རིག་གནས་སློབ་གསོ་རྨང་གཞིར་བྱས་ཏེ་མུ་མཐུད་རྙིང་འབུད་གསར་འབྱེད་ཀྱིས་གོང་འཕེལ་སོང་བ་ཞིག་ཡིན་པར་སྙམ། ཅིའི་ཕྱིར་ཞེ་ན། མི་རིགས་ཤིག་གི་རིག་གནས་ཀྱི་རྨང་གཞི་ནི་སྲོལ་རྒྱུན་གྱི་རིག་གནས་དེ་ཡིན།
སྐད་ཡིག་ཅིག་གི་ངོས་ནས་བཤད་ནའང༌། མི་རིགས་གཞན་གྱི་སྐད་ཡིག་དེ་གོ་ཆོད་པ་དང་རླབས་ཆེ་བར་བསམས་ཏེ་རང་རིགས་ཀྱི་ཕ་མེས་ཡང་མེས་ཀྱི་དུས་ནས་བཀོལ་སྤྱོད་བྱེད་མྱོང་བའི་སྐད་ཡིག་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པར་མ་ཟད། ལ་ལས་ད་དུང་བོད་ཡིག་གིས་ལྟོ་སྟེར་བ་མི་འདུག་ཅེས་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་རྣམ་གྲངས་ཁག་ཡོད་ཀྱང་ཆོག་ལ་མེད་ཀྱང་འགྲིག་པའི་ལྟ་ཚུལ་ངན་པ་འདི་འདྲའང་འཛིན་གྱིན་ཡོད། དེ་ཡང་ས་པཎ་གྱིས། ཕན་དང་མི་ཕན་མི་དཔྱོད་ཅིང༌། །བློ་དང་ཐོས་པ་མི་སྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །ཞེས་གསུངས་པ་ལྟར་སྐྱེ་བོ་འདི་རིགས་ནི་སྣང་ཚུལ་ལ་རྐང་གཉིས་པ་སྟེ་མིའི་གཟུགས་སུ་སྣང་ཡང། གནས་ཚུལ་དངོས་ལ་དུད་འགྲོ་ལས་མ་འདས་སོ། །
ད་ལྟའང་བོད་སྐད་དང་མཉམ་དུ་སྐད་གཞན་བསྲེས་ནས་བཤད་མ་ཐུབ་ན་མི་གྲལ་ལ་མི་ཚུད་པའི་སྡུག་བསྔལ་བྱེད་ཀྱི་ཡོད་དེ། དཔེར་ན་གཞོན་ནུ་ཕན་ཚུན་གླེང་མོ་བྱེད་སྐབས་སུ་ཡང༌། ཁོང་ཕྱག་ལས་གང་གནང་གི་ཡོད་དམ་ཟེར་ན། ལྷ་ས་ཅུས་ཡོན﹙拉萨剧院﹚ནང་གི་ཁའེ་ཧྲུའེ﹙开水﹚སྐོལ་མཁན་གྱི་ལིང་ཧྲི་ཀུང﹙临时工﹚རེད་ཟེར་བ་ལྟ་བུ་སྐད་ར་མ་ལུག་འདི་འདྲ་བརྒྱབ་ཁར། ད་དུང་བོད་སྐད་ཡིག་གི་མིང་ཚིག་ཉུང་དྲགས་འདུག་ཅེས་རང་གིས་མི་ཤེས་པ་ཐམས་ཅད་བོད་སྐད་བོད་ཡིག་ལ་མེད་པའི་དབང་དུ་གཏོང་རྐྱང་བྱེད་པ་དང༌། ད་དུང་བོད་ཡིག་ལ་བསྒྱུར་བཅོས་གཏོང་དགོས་ལུགས་སོགས་ཀྱི་འཆོལ་ལབ་རྒྱག་མཁན་ཡང་མང་དག་བྱུང་མྱོང་ཡོད། གནད་དོན་དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་ཡིན་ནམ་ཞེ་ན། ད་ལྟ་བོད་ཀྱི་ས་ཆ་གང་སར་བོད་ཡིག་བེད་སྤྱོད་ཉུང་བའམ། ཐ་ན་ས་ཆ་ལ་ལར་བེད་སྤྱོད་ཡེ་ནས་མི་བྱེད་པའི་ཉེར་ལེན་ལས་བྱུང་བ་ཡིན།
མདོར་ན། མི་རིགས་ཅི་འདྲ་ཞིག་ཡིན་རུང༌། དེ་སྐྱེ་འགག་གནས་འཇིག་གི་གནད་འགག་གཙོ་བོ་ནི་མི་རིགས་ཀྱི་རིག་གནས་སློབ་གསོར་ཐུག་ཡོད་པ་དང༌། མི་རིགས་ཀྱི་རིག་གནས་སློབ་གསོའི་གཞི་རྩའི་རྨང་གཞི་ནི་སྲོལ་རྒྱུན་གྱི་རིག་གནས་སློབ་གསོ་དེ་ཡིན་ཞིང༌། སྲོལ་རྒྱུན་གྱི་རིག་གནས་སློབ་གསོའི་རྒྱུན་མཐུད་ཀྱི་གནད་འགག་དེ་ཡང་སྐད་ཡིག་ལ་ཐུག་ཡོད་པས། སྐད་ཡིག་འདྲ་མཉམ་འོང་བར་བྱེད་རྒྱུ་ནི་མི་རིགས་འདྲ་མཉམ་ཡོང་བའི་གལ་ཆེའི་ཚད་གཞི་ཞིག་ཡིན་པ་དང༌། དེ་ནི་མི་རིགས་ག་གེ་མོ་ཞིག་གི་ཆབ་སྲིད་དབང་ཆ་དང༌། མི་རིགས་བར་གྱི་མཐུན་སྒྲིལ་དང་ཐད་ཀར་འབྲེལ་བ་ཡོད་ལ། མི་རིགས་ག་གེ་མོ་ཞིག་གི་སྐད་ཡིག་ལ་བརྩི་བཀུར་མ་བྱས་པ་དེ་ནི། མི་རིགས་དེ་འདྲ་མཉམ་དང་ལུགས་མཐུན་གྱི་དབང་ཆར་བརྩི་བཀུར་བྱས་མ་བྱས་ཀྱི་གནད་དོན་ཞིག་ཡིན་ཏེ། ལེ་ཉིན་གྱིས། མི་སུ་འདྲ་ཞིག་ཡིན་རུང་དེས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་ཁས་མི་ལེན་པའམ་རྒྱུན་འཁྱོངས་མི་བྱེད་ཅིང༌། མི་རིགས་གཉའ་གནོན་ནམ་འདྲ་མཉམ་མིན་པར་འཐབ་རྩོད་མ་བྱས་ཚེ། དེ་ནི་མར་ཁེ་སི་རིང་ལུགས་པ་ཞིག་མིན་པར་མ་ཟད། ཐ་ན་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན་ནོ། །ཞེས་གསུངས་པ་ལྟར། སྐད་ཡིག་འདྲ་མཉམ་རྒྱུན་འཁྱོངས་མ་བྱས་ན། མི་རིགས་འདྲ་མཉམ་ཞེས་པ་དེ་ནི་ཁ་བཤད་ཆུ་ཡི་ཝུ་བ་ཙམ་དུ་ཟད།
བོད་ཀྱི་སྐད་ཡིག་བེད་སྤྱོད་གང་ལེགས་གཏོང་རྒྱུ་ནི་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཞིག་ཡིན་པར་མ་ཟད། མཐུན་སྒྲིལ་དང༌། ཕྱུག་པོ། ཤེས་རིག་ལྡན་པའི་བོད་གསར་འཛུགས་སྐྲུན་བྱེད་ཐུབ་མིན་གྱི་གཞི་རྩའི་རག་ལས་ས་ཞིག་ཀྱང་ཡིན་པར་སྙམ་མོ། །