ནར་སོན།
___༼ཞིང་གྲོང་གི་འགྱུར་ཁུགས༽སྤེལ་ཐེངས་བཅུ་བར་ཕུལ་བ།
ཁྲི་གདུགས་ཉི་གཞོན་སྣང་བས་རྨ་ཆུའི་རླབས་རྒྱུན་སྒུལ་བྱེད་པ། །
སེ་བོན་འཇམ་དཔལ་མཚན་གྱི་རིགས་ཞེན་བློ་སྤོབས་སླར་ཡང་དྲན། །
གངས་སེང་གད་རྒྱངས་མཐོན་པོས་སྲིན་པོ་རྫ་རིའི་རྣམ་ཤེས་ཉིད། །
རྒྱང་བསྐྱོད་རྒོད་པོར་འཁྲེང་བའི་གཞེན་བསྐུལ་རང་སྒྲ་གསོས་སུ་འཇོ། །
སྒྲུབ་གཤེན་ནང་བསྟན་མེ་རོ་ཐུགས་སྨོན་དད་པས་བསླངས་པའི་ཞིང༌། །
མ་ཡུམ་རྨ་ཁུགས་ཤར་རྒྱུད་སེ་བརྒྱའི་གྲོང་གི་འགྱུར་ཁུགས་སྙན། །
ཞིང་གྲོང་འཚོ་བའི་ཆགས་སྡང་ཞིང་བའི་གྲོང་གི་གླུ་སྒྲར་སིམ། །
ངང་ངུར་རྩེན་པའི་གཤོག་འགྱུར་སྤྲོས་བྲལ་ནམ་མཁར་བསྐྱོད་ཀྱང་བསྐྱོད། །
སྐམ་རྙིད་ལྗང་མྱུག་བྱེ་བར་དྭངས་གསལ་ཡུར་ཆུ་ཁྱོད་ཀྱིས་འདྲེན། །
གཞོན་སྐྱེས་ཞིང་གྲོང་ཕོ་མོར་སྨྱུག་འཛིན་སློབ་སྟོན་ཁྱོད་ཀྱིས་གནང༌། །
འདི་ན་ལང་ཚོའི་ལོ་ན་ལྔ་ཟུང་ལོན་པའི་དགའ་སྟོན་འབྱེད། །
འདི་རུ་ལང་ཚོའི་ལོ་ན་ལྔ་ཟུང་ལོན་པར་རྟེན་འབྲེལ་ཞུས། །
རྡོག་འགྲོས་བཅུ་ཡི་འཇོན་ཐང་འབྲོང་ཁྱུ་དར་མའི་ཧུར་སྒྲས་བསུ། །
ཉམ་ང་སྲོག་གི་དབུགས་རྒྱུན་གདུང་གཅིག་སྤུན་ཟླས་ཁྲག་གིས་སྐྱོབ། །
བློ་གསར་སྟོང་གི་འདོད་བློ་ཞིང་བའི་གྲོང་ན་ཁྱོད་ཀྱིས་གླེང༌། །
ངས་ཀྱང་ལེགས་བྲིས་བརྗོད་དོན་ཚངས་སྲས་འགྱུར་ཁུགས་ལན་ནས་སྦྲེང༌། །
ཞིང་བའི་དྲན་ཤེས་སད་མཛད་རིན་ཆེན་རིག་པའི་ས་བོན་ཁྱེད། །
ཉམས་མེད་ས་ཆེན་པང་བར་ཡང་ནས་ཡང་དུ་འབུས་པར་སྨོན། །
བོད་ས་གླང་ལོའི་ཟླ་གཉིས་པའི་ཚེས་མགོར་མཚོ་སྔོན་པོའི་ཉེ་འགྲམ་གྱི་ཟླ་ཚང་དུ།