སྤྱི་ཚོགས་ཀྱི་འོས་གླེང༌།
མཐུན་སྒྲིལ་ནི་ལག་ཟུང་སྟེ། ལག་པ་ཟུང་གི་ནུས་སྟོབས་ཀྱིས་མི་མཐུན་ལས་ཀུན་འཇོམས་ནུས་ཤིང་འཕྲལ་ཕུགས་གཉིས་ཀྱི་བྱ་བའང་འགྲུབ་ཏུ་འཇུག་ངེས་ཕྱིར། མེད་མི་ཆོག་པའི་ལག་ཟུང་གི་སྟོབས་ཤུགས་ནི་ང་ཚོའི་སྤྱི་མཐུན་གྱི་རྒྱལ་མཚན་ལགས་པས་ན་ཁྱོད་ལ་ངེས་དོན་གྱི་མཐུན་སྒྲིལ་ཚུགས་པའི་འགན་འཁྲི་ཡོད་དམ།
སྐད་ཡིག་ནི་བླ་སྲོག་སྟེ། སེམས་ལྡན་གྱི་འགྲོ་བ་མིའི་བླ་སྲོག་རེ་རེ་ཉམས་པ་དེས། མི་རིགས་ཤིག་ཉམས་པ་མཚོན་མི་ནུས་ཀྱང༌། མི་རིགས་ཤིག་ཉམས་པ་ནི་བླ་སྲོག་ཅིག་ཉམས་པ་བས་ཀྱང་ཚབས་ཤིན་ཏུ་ནས་ཆེ་ཕྱིར། ཁྱོད་ལ་ཁྱོད་ཀྱི་བླ་སྲོག་དང་མི་རིགས་ཀྱི་བླ་སྲོག་གསོ་བའི་འགན་འཁྲི་ཡོད་དམ།
སྐད་རིགས་ནི་དབུགས་རྒྱུན་ཏེ། དབུགས་ལྡན་གྱི་སེམས་ཅན་རྣམས་སྲོག་འཚོ་ཐུབ་མིན་དེ་དབུགས་ཀྱི་རྒྱུན་འགག་མིན་ལ་རྩ་བའི་ཆ་ནས་འབྲེལ་ཡོད་པས། དབུགས་ཆད་ཚེ། དབུགས་ལྡན་གྱི་སེམས་ཅན་ཉག་ཅིག་འཆི་བར་འགྲོ་ལ། སྐད་རིགས་ཉམས་ཚེ། ལོ་རྒྱུས་ཀྱི་བོད་པ་ཚང་འཇིག་སོང་བ་ཡིན་ཕྱིར། ཁྱོད་ལ་ཁྱོད་ཀྱི་དབུགས་རྒྱུན་དང་མི་རིགས་ཀྱི་དབུགས་རྒྱུན་གསོ་བའི་འགན་འཁྲི་ཡོད་དམ།
ཕ་སྐད་ནི་ཁེ་དབང་སྟེ། མི་རིགས་རང་སྐྱོང་གི་ས་ཆར་མི་རིགས་གཙོ་བོ་དེའི་སྐད་ཡིག་ཏུ་བརྩིས་ཏེ༑ བཀོལ་སྤྱོད་བྱེད་དགོས་པའི་བསྟན་དོན་གྱིས་ཕ་སྐད་ལ་རང་ཉིད་ནས་མགོ་བརྩམས་ཏེ་ཧུར་བརྩོན་བྱ་དགོས་པས། ཁྱོད་ལ་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དུ་བཅུག་ཚེ། མི་དགའ་བའི་སྣང་ཚུལ་དེ་རིགས་ངང་ངམ་ཤུགས་ཀྱིས་མེད་པར་འགྲོ་ངེས་པ་དང་ཕ་སྐད་ཀྱི་མགྲིན་ཚབ་པ་གསོན་པོ་ཞིག་ཏུ་འགྱུར་སྲིད་པའི་ཆོད་སེམས་བརྟན་པོའི་འགན་འཁྲི་ཡོད་དམ།
བཀུར་བྱམས་ནི་བདེ་སྐྱིད་དེ། བུས་ཕ་མར་བཀུར་ཚུལ་དང་ཕ་མས་བུ་ལ་བྱམས་པ་ནི་མེད་ཚེ། ཁྱིམ་ཚང་དེར་མ་གཞི་ནས་འཛུམ་མདངས་དང་བདེ་དྲོད་མེད་པར་འགྱུར་ལ། ཆེ་བཀུར་དང་ཆུང་བྱམས་ཀྱི་ཐ་སྙད་ཀྱང་ཤེས་མི་སྲིད་པས། ཁྱེད་རང་བྱོལ་སོང་ལའང་མེད་པའི་ཐབས་ཆགས་ཀྱི་འཚོ་བ་དང་ཁ་བྲལ་བའི་འགན་འཁྲི་ཡོད་དམ།
ཁོར་ཡུག་ནི་རྒྱུ་རྐྱེན་ཏེ། རང་བྱུང་རྒྱུ་རྐྱེན་གྱི་ཁོངས་སུ་རླུང་ཁམས་ཆེན་མོ། ཆུ། རྒྱ་མཚོ། ས་གཞི། གཏེར་ཁ། ནགས་ཚལ། རྩྭ་ཐང༌། རི་སྐྱེས་རྩི་ཤིང་སོགས་འདུས་པ་དང༌། ཁོར་ཡུག་ནི་མིའི་རིགས་འཚོ་གནས་བྱེད་པ་དང་འཕེལ་རྒྱས་འགྲོ་བར་བརྟེན་དགོས་པའི་ཕྱི་ཕྱོགས་ཆ་རྐྱེན་ཡིན་པས། ཁྱོད་ལ་ཁོར་ཡུག་གཏོར་བརླག་བྱེད་སེམས་མེད་པའི་འགན་དང་ཁོར་ཡུག་འབག་བཙོག་བྱེད་འདོད་མེད་པའི་འགན་འཁྲི་ཡོད་དམ།
རྒྱལ་ལྐུག་ནི་ཁེ་གྱོང་སྟེ། ཁྱེད་ལ་བུ་ཕྲུག་ཅིག་ཡོད་ཚེ། རྒྱལ་འཇོག་གིས་བུ་ཆུང་ཉིད་དྭ་ཕྲུག་ཏུ་བསྐྱུར་སྲིད་ལ། ཁྱེད་ལ་ཕ་མ་གཉིས་ཡོད་ཚེ། རྒྱལ་འཇོག་གིས་ཕ་མ་ཟུང་སྤྲང་ཁྱིམ་དུའང་གཏོང་སྲིད་པས། ཁྱེད་ལ་ཁྱོད་ཀྱི་ཕ་མ་དང་གཅེས་ཕྲུག་སྐྱོང་བའི་འགན་འཁྲི་ཡོད་དམ།
ཨ་རག་ནི་ལྕེབས་ཐག་སྟེ། ཉུང་གྲས་ལས་ཐུང་ཆེ་ན་རང་སྲོག་གཅོད་པར་ཉེ་བར་འགྲོ་སྲིད་ལ། དོན་ངན་དང་འཕྲད་རྐྱེན་མང་ཕྱིར། ཁྱེད་ལ་ཁྱེད་ཀྱི་ཁ་ལས་དང་ཚེ་ཐག་སྲུང་བའི་འགན་འཁྲི་ཡོད་དམ།
ཞེས་འཛམ་གླིང་རྒྱ་ཕིབས་དཀར་བོར་ལུས་རྟེན་རྙེད་པའི་གྲྭ་གཟུགས་ས་ཁའི་བློ་ལྡན་མིང་གིས་བོད་ལྕགས་ཕོ་སྟག་ལོའི་ལུགས་རྙིང་གི་ཟླ་བཞི་བའི་མཚེ་མགོ་རུའོ། །