བསིལ་ལྗོངས་ཀྱི་གཤིས་ལུགས།
འཛམ་གླིང་སོག་ཁ་ཨུདཔལ་ཆུན་པོའི་སྟེང་།།
གཤེན་བསྟན་རྟ་བདུན་གཞོན་ནུའི་འཛུམ་ཟེར་འཕྲོ།།
བཅུ་ཕྲག་རིག་པའི་ཟེའུ་འབྲུ་རྣམ་པར་སྨིན།།
བློ་གསལ་བུང་བའི་ཁྱུ་ཚོགས་ཟློས་གར་བསྒྱུར།།
ས་འཛིན་དཀར་པོ་དངུལ་གྱི་བུམ་བཟང་ལ།།
རིན་ཆེན་གཏེར་ཁའི་མཚོ་མོས་ཕྱུར་བུར་བལྟམ།།
སྔོ་ལྗོན་ནེའུ་གསེང་བྱེ་བའི་གཟུང་ཐག་སྤྲས།།
འབྲུ་རིགས་སྣ་ལྔའི་ཕང་ཕུང་ཁ་རྒྱན་མཛེས།།
ཁ་འབབ་རྣམ་བཞི་གསེར་ཉའི་འཁྱུག་འགྲོས་བརྩེན།།
རྒྱལ་མོ་རྔུལ་ཆུའི་རྦ་རླབ་གཤོག་ཟུང་རྐྱོངས།།
སྔོན་བྱོན་མེས་པོའི་ཟུངས་ཁྲག་མུ་ཏིག་འཕྲེང་།།
ཕུན་ཚོགས་དགའ་སྡེ་ཆུ་སྲིན་གྲོང་བཞིན་བརྗིད།།
བླ་རི་ཏེ་སེའི་རྒྱལ་མཚན་སྲིད་ན་བསྒྲེངས།།
བྱང་ཐང་ན་དམར་ནེའུ་གསེང་འཕུར་མས་ཀླུབ།།
ཕྱུག་རིགས་དཀར་ནག་རྩེ་སྒྲས་གནམ་ས་འགེངས།།
སྦྲ་གུར་ཉམས་བརྗིད་སྐྱེ་རྒུའི་དྭངས་བ་འདྲེན།།
རྣམ་འདྲེན་བརྒྱད་པའི་ཞལ་གསུང་ཨུན་ཆེན་དབྱངས།།
ཕྱོགས་ཀྱི་བུ་མོའི་སྒྲ་འཛིན་གསོས་སུ་འབབ།།
འཆད་བརྩོད་རྩོམ་གསུམ་བཤད་དང་སྒྲུབ་པའི་སྡེས།།
པྲིང་རྒྱུད་དུ་ཏིའི་མྱ་ངན་གཏིང་ནས་གཞོམ།།
བྱིན་རླབས་ངོ་འཚར་སྒྲུབ་གནས་དཔལ་བེའུ་རིས།།
མ་པང་མཚོ་སོགས་བླ་མཚོའི་དྭངས་ཆབ་དང་།།
སྨན་ལྗོན་ནགས་ཀྱིས་འགྲོ་དྲུག་སྲོག་དབུགས་གསོ།།
ཤར་ནུབ་མགྲོན་རྣམས་མ་བསུས་ངང་གིས་འགུགས།།
ཆོལ་གསུམ་བོད་མིའི་འཛའ་མཐུན་གསེར་འཁོར་ལ།།
སེམས་བསྐྱེད་སྐྱབས་འགྲོའི་རླན་གྱི་རྩིབ་སྟོང་ལྡན།།
དབུལ་ཞིང་འཕོང་པའི་ཉམས་ཐག་འགྲོ་བ་རྣམས།།
ཚད་མེད་སྙིང་རྗེས་སྲིད་ཞིའི་བདེ་སྐྱིད་བསྐྲུན།།
གཉའ་ཁྲི་ལྷ་ཡི་ཚངས་པའི་དབུ་གདུགས་མཐོ།།
བོན་སྲིད་རིག་གསུམ་གཞའ་ཚོན་རིས་ཀྱི་མདངས།།
མཐོ་དམན་དྲག་ཞན་ཕྱུག་དབུལ་མཐའ་མཉམ་པ།།
སྒང་དྲུག་ཡུལ་གྲུའི་མཁའ་ལ་ཁྱབ་ཅིང་བདལ།།