དོན་དང་ལྡན་པའི་དཔའ་གླུ།
སྤུ་ལ་བློ་གྲོས།
༧ ཁྲེལ་གནའ་གཞུང་མེད་པའི་ཁྲམ་པ་ཡིས། །
ལས་དོན་མེད་གྲལ་དུ་གར་བཞག་བཞག །
སྙིང་བརྩེ་བའི་ཕ་མ་ཉེ་གྲོགས་ཀྱི། །
དྲིན་ཕན་ལན་བསྒྲུབ་པ་དོན་ཆེན་ཡོད། །
༧ ཁ་དཔའ་གཏམ་ཅན་གྱི་གཅོལ་ཆུང་གིས། །
ཕོ་བསྡར་མའི་གྲལ་དུ་གར་བཞག་བཞག །
དོན་རང་ཚོད་བཟུང་བའི་ཉམས་ཆུང་དེ། །
དུས་ཡག་ཉེས་ཀུན་ལ་དོན་ཆེན་ཡོད། །
༧ སེམས་ངན་ལོང་ཤོར་བའི་གཡོ་ཅན་གྱིས། །
འཁོས་ཆུང་གི་གྲལ་དུ་གར་བཞག་བཞག །
དོན་བྱ་བ་ཅི་ཞིག་སྒྲུབ་ན་ཡང༌། །
བློ་གཟུ་བོར་གནས་པ་དོན་ཆེན་ཡོད། །
༧ ལས་དགེ་སྡིག་མི་ཤེས་དྲན་བླུན་པོ་ཡིས། །
ཐབས་རྡུག་གི་གྲལ་དུ་གར་བཞག་བཞག །
ཚེ་ཕྱི་མ་ཡིད་ལ་དྲན་བྱེད་ཅིང༌། །
རྒྱུད་བསླབ་གསུམ་ལྡན་པ་དོན་ཆེན་ཡོད། །
༧ རྒྱུད་དྲེགས་པས་སྦོས་པའི་དམ་ཉམས་ཀྱིས། །
ཕྱི་མུ་སྟེགས་གྲལ་དུ་གར་བཞག་བཞག །
བཀའ་བཅོས་མེད་འཆང་བའི་བོན་པོ་ཚོ། །
དོན་སངས་རྒྱས་བསྒྲུབ་པ་དོན་ཆེན་ཡོད། །