མཆོད་ལྔའི་སྙན་དབྱངས།
ཀ་དག་སྙུག་མའི་ངོ་བོ་བོན་གྱི་སྐུ།།
ལྷུན་གྲུབ་རིག་པའི་རོལ་རྩལ་སྨྲ་བའི་སེང་།།
གང་འདུལ་སྣང་ངོར་སྤྲུལ་སྐུ་ཤེས་རབ་མཚན།།
སྐྱེས་མཆོག་རྒྱལ་བ་གཉིས་པའི་ཞབས་ལ་གུས།།
ཁྱེད་ཀྱི་མཛད་འཕྲིན་ནོར་འཛིན་ཡོངས་པའི་ཁྱོན།།
ཁོ་བོའི་བསྟོད་ཚིག་རྐང་དྲུག་གཤོག་རླབས་ཀྱིས།།
གཏིང་དཔག་ཆོད་པའི་སྐལ་པར་དབེན་ན་ཡང་།།
བསོད་ཚོགས་རྒྱུར་བསགས་མཆོད་ལྔའི་སྙན་དབྱངས་བཏེགས།།
བསིལ་ལྡན་ཁ་བ་ཅན་གྱི་ཤར་ཕྱོགས་སུ།།
བོན་སྲིད་གཉིས་ལྡན་ཁྲོ་སྐྱབས་རྒྱལ་པོའི་འབངས།།
འགྲོ་ལ་ཚད་མེད་རྣམ་བཞིའི་རྒྱུད་རླན་ཏེ།།
མི་ཡི་བརྟེན་དུ་སྐྱེ་བཞེས་སྨན་རི་བ།།
སྤང་ལམ་མདོ་ཡི་སོ་སོར་ཐར་པའི་སྡེ།།
མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་དྲུང་ནོད་ནས།།
འཆལ་བའི་དྲི་མས་མ་གོས་འདམ་པད་བཞིན།།
བསྲུང་ཁྲིམས་རྣམ་པར་དག་པའི་སྨན་རི་བ།།
ནྰ་ལན་ཏྲ་རུ་རང་སྟོན་ཀུན་རིག་སོགས།།
གཡས་རུའི་སྟོན་པ་དང་བཅས་ཡོངས་འཛིན་དྲུང་།།
མཚན་ཉིད་རྒྱུ་ཐེག་མདོ་སོགས་བསན་ཙམ་ཉིད།།
ཕ་རོལ་ཕྱིན་བཅུ་ངང་རྫོགས་སྨན་རི་བ།།
གཙང་གི་ནོར་འཛིན་སྒེག་མའི་ཐོབ་རྒྱལ་ཞིང་།།
ཁང་ཚན་བཅུ་གཉིས་གྲྭ་ཤག་དྲུག་ཅུ་བཅས།།
བོན་སྐྱོངས་ལྷ་ཀླུའི་གྲོགས་རྐྱེན་སྐད་ཅིག་ངང་།།
མངོན་སུམ་གྲུབ་པའི་རྒྱལ་བ་སྨན་རི་བ།།
རབ་བརྒྱད་དམུ་རྒྱལ་སྲས་པོ་སླར་བྱོན་ལྟར།།
ཁ་བའི་ཞིང་ལ་པེ་ཙེ་རྣམ་གསུམ་གྱིས།།
སྡེ་བཞི་བཀའ་ཡི་འཁོར་ལོ་རྟགས་བསྐོར་ནས།།
སྙིགས་དུས་ལྔ་རིག་སྒྲོན་སྤར་སྨན་རི་བ།།
རིན་ཆེན་དང་པོ་རྡུལ་བརྩེགས་ཤེས་བྱའི་སྟེགས།།
སུམ་རྩེན་ས་ལ་འཕོས་འདྲའི་དབུས་གཙང་ཡུལ།།
གཙང་ཁ་བ་སོགས་མཁས་བརྒྱ་བགྲོ་གླིང་ཁྱུའི།།
འདྲེན་པའི་ཟླ་བྲལ་རྗེ་བཙུན་སྨན་རི་བ།།
ཀུན་གཞི་གནས་ལུགས་སོ་མར་བཅོས་མིན་ཀློང་།།
འགྲོ་ལ་ཚད་མེད་རྣམ་བཞིའི་ཟུང་འཇུག་སྟེ།།
རྟག་ཆད་མཐའ་བྲལ་སྒྱུ་ལུས་ལྷར་བཞེངས་ནས།།
བྱ་སྤྱོད་ལྟ་བ་མངོན་གྱུར་སྨན་རི་བ།།
རླུང་སེམས་དབུ་མར་སྡེ་དྲོད་མེ་སྤར་ནས།།
ཐེག་ལེ་བཀྲམ་བསྡུས་དགའ་བཞིའི་ཡེ་ཤེས་ཀྱིས།།
སྟོང་ཉིད་སྙིང་རྗེའི་རང་གཟུགས་ཡི་དམ་ལྷར།།
བསྐྱེད་རྫོགས་རིག་འཛིན་རྩལ་མངའ་སྨན་རི་བ།།
འཕྲུལ་སྒྲོན་རྣམ་ལྔའི་བསྟན་པ་རྗེས་བཞགས་ནས།།
རྒྱལ་ཚབ་རིན་རྒྱལ་ལས་སོགས་བུ་སློབ་ཚོགས།།
བོན་འཆད་ངང་ནས་རང་རིག་བོན་སྐུའི་ཀློང་།།
གནས་ལུགས་སོ་མར་རྒྱས་འདེབས་སྨན་རི་བ།།
ཁྱེད་ཀྱི་གསང་གསུམ་འཕྲིན་ལས་འདོད་རྒུའི་གཏེར།།
བདག་འདྲ་བྱིས་སྦའི་བསམ་བརྗོད་ཡུལ་མིན་ཀྱང་།།
ཆ་ཙམ་བཀོད་པ་དུག་ལྔས་རློམ་པའི་རྡུལ།།
མཆོག་གསུམ་ཐུགས་རྗེས་མེ་རླུང་ཆུ་ཡིས་གཞོམ།།
འདི་བགྱིས་རྣམ་དཀར་འོད་ཟེར་ཆ་སྲིད་ཚེ།།
གཤེན་བསྟན་མི་ནུབ་དར་ཞིང་རྒྱས་པ་དང་།།
བསྟན་འཛིན་སྐྱེས་བུའི་བཞེད་དགོངས་ལེགས་གྲུབ་སྟེང་།།
མ་གྱུར་འགྲོ་རྣམས་སྲིད་མཚོར་སྒྲོལ་ཕྱིར་བསྔོའོ།།
མཉམ་མེད་བླ་མའི་འཁྲུང་མཆོད་དགོང་མོར་རང་ཤག་ཏུ་བྲིས།
༢༠༡༡ ༣ ༡༠ཉིན་ལའོ། །