ནོར་བུ་ཚེ་རིང་གི་བོད་ཡིག་ཟིན་བྲིས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༢༽གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་གླེང་བ།
[ 2011/5/15 16:01:00 | By: ནོར་བུ་ཚེ་རིང་། ]
 

གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།

   བཞི། རང་བྱུང་ཁམས་ཀྱི་ལྟ་ཚུལ། 

                                  1.ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ཐད་ཀྱི་ལྟ་ཚུལ། 
     ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཇི་ལྟར་ཆགས་པའི་ཚུལ་ལ་གཡུང་དྲུང་གི་བོན་ལས་རྣམ་རྩོད་ཐེག་པའི་ལུགས་དང་ཨ་དཀར་ཐེག་པའི་ལུགས། རྫོགས་ཆེན་གྱི་ལུགས་སོགས་ཐེག་པ་མི་མཐུན་པ་ལ་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་མདོར་བསྡུས་ན་རྣམ་པ་གཉིས་སུ་འདུས་སྙམ་མོ། །
                                    (1) བྱེད་པོ་མེད་པར་རང་བྱུང་དུ་ཆགས་པར་སྨྲ་བ། 
     འདིས་ནི་བསྐལ་བ་འདི་དང་པོ་ཆགས་སྐབས་ལྷ་དང་བྱེད་པོ་མཐུ་ཅན་གང་གིས་ཀྱང་མ་བྱས་པར་ཐོག་མར་ནམ་མཁའི་ཁམས་ལ་རང་བྱུང་གི་རླུང་གཡོས་པ་ནས་མགོ་བརྩམས་ཏེ་ས་ཆུ་མེ་སོགས་འབྱུང་བ་རྣམས་རིམ་པར་འདུས་ནས་ཆགས་པར་འདོད་དེ། 《སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ཉི་ཟླའི་སྤྲིན་གྱི་གུར་ཁང་ཞེས་བྱ་བ》ལས། “དང་པོ་མཁའ་ལ་ཕྱོགས་བཅུ་ནས་རླུང་འཇམ་པོ་དལ་བུར་ལངས་ཏེ་གཅིག་ཏུ་འདུས་པ་དེ་ལས་སྤྲིན་སེར་པོ་གསེར་གྱི་སྙིང་བོ་ཅན་འཁྲིགས་པ་ལས། ཆར་གྱི་རྒྱུན་གྱད་ཀྱི་བརླ་ཙམ་བབས་པའི་ཆུ་རྒྱ་མཚོར་འཁྱིལ་པའོ། །ཆུ་གསེར་འདྲེས་པའི་མར་མེར་མཁའ་ལ་རྒྱུ་བའི་རླུང་གིས་བསྐྱོད་ཅིང་དཀྲོགས་པ་ལས། རི་དང་གླིང་རང་རང་གི་དབྱིབས་དང་མཐུན་པའི་རླུང་ལངས་ནས། རྡུལ་སིག་གྱེན་དུ་སྤུངས་པས་རི་དབང་དང་རི་བདུན་གླིང་བཅུ་གཉིས་རྣམས་ཆགས་སོ། །རླུང་སྟོབས་སྟེང་དུ་བུད་པའི་སྤྲིན་ཆར་བབས་པ་ལས་སྟེང་གི་རྒྱ་མཚོར་འཁྱིལ་བའོ། །གླིང་གཡོག་རྣམས་ཁ་ཆུས་སོ་སོར་བཅད་ཀྱང་འོག་ནི་གླིང་ཆེན་རང་དང་འདབ་འབྲེལ་ལོ། །དེ་ནས་བསམ་གཏན་གསུམ་པ་ཡན་ཆད་འདབ་འབྲེལ་གྱི་སྣོད་སྔར་གང་ཞིག་པ་རྣམས་མས་ཡར་ཆགས་སོ། །”ཞེས་དང༌། 《མཛོད་འགྲེལ》ལས“དེ་ལྟར་སྣོད་དང་བཅུད་ཀྱིས་བསྡུས་པའི་སྲིད་པ་ཐམས་ཅད་ཀྱི་དབྱིབས་དང་ཁ་དོག་ཆགས་ཚད་དང་རོ་དང་ནུས་པ་རྣམས། མཁན་པོས་བྱས་པ་མེད་པར་རང་བཞིན་གྱིས་སྲིད་པའོ། །”ཞེས་དང༌། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ཀྱང༌། “སྣོད་བཅུད་ཀྱི་འཇིག་རྟེན་དེ་དག་སུས་བྱས་སམ་ཞེ་ན། དབང་ཕྱུག་སོགས་བྱེད་པ་པོ་སུས་ཀྱང་མ་བྱས་ཏེ། མདོ་ལས། གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། ཅེས་པ་ལྟར། ”{11}ཞེས་གསུངས་སོ། །
                                    (2) རྐྱེན་གྱི་བྱེད་པོས་རྫུ་འཕྲུལ་ལས་བྱས་པར་སྨྲ་བ། 
     དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ནི་ལྷ་ཁྲི་རྒྱལ་ཁུག་པའི་མཐུ་ལས་བྱུང་བ་དང་ནང་བཅུད་ཀྱི་སེམས་ཅན་ནི་ཁྲི་རྒྱལ་ཁུག་པའི་སྤྲུལ་བ་སྲིད་པ་སངས་པོ་འབུམ་ཁྲི་དང་སྐོས་པ་ཆུ་ལྕགས་རྒྱལ་མོ་གཉིས་བཤོས་པ་ལས་བྱུང་བར་འདོད་དེ། “ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ཁྲི་ཁུག་གིས། རྒྱུ་ལྔ་སྐུ་ལ་བསྡུས་ཏེ། ཞལ་གྱི་ངད་ཕ་ཧ་བྱས་པས། རླུང་ཚན་ཏིང་མི་གཏོང་འཛིན་པའི་རང་བཞིན་དང༌། ནན་ཏིང་མ་བྱིང་འདེགས་པའི་དངོས་པོ་ཅན་དང༌། སྤྲིན་ནི་དྲོད་ཀྱི་ཡོལ་བ་བ་དན་ཅན་དང་བཞི་ནི། མངོན་རྫོགས་ཀྱི་རྫུ་འཕྲུལ་དང་སེམས་ཅན་གྱི་ལས་དབང་དུ་ཆགས་སོ། །རླུང་ལས་འོད་ཀྱི་འཁོར་ལོ་དྲག་ཏུ་སྐོར་བའི་ཤུགས་ལས་ཚ་བ་མེ་རུ་སྲིད་དོ། །འདེགས་པའི་རླུང་གི་གྲང་སྔབས་དང༌། ཚ་བ་མེའི་དཔལ་དྲོད་ལས། ཆུ་ཟིལ་དང་ཕྲོམ་དུ་ཆགས་སོ། །དེ་ལ་རྡུལ་ཕྲ་རབ་ཏུ་ཆགས་ཏེ། མཁའ་ལ་རྒྱུ་བའི་རླུང་གིས་བསྲུབས་པས། རླུང་དང་རི་རབ་ཀྱི་བར་དུ་བརྩེགས་ཏེ་ཆགས་སོ། །ཐེག་ཆེན་ས་གཞི་གསེར་གྱི་ས་གཞི་བདེ་ཞེས་པ་ནས། སྣོད་ནི་མས་སྲིད་འཇིག་རྟེན་གཏོས་ཞེས་པ་ཡན་ཆད་ཀྱིས། ཕྱི་སྣོད་ཀྱི་འཇིག་རྟེན་ཡབ་མངོན་རྫོགས་རྒྱལ་བའི་སྨོན་ལམ་དང་རྫུ་འཕྲུལ་གྱིས་བྱས་སོ། །”{12}ཞེས་པ་ལྟར་རོ། །
འདིར་མི་རྣམས་ཀྱི་སེམས་ལ་རང་ཤུགས་སུ་བོན་པོའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ་དེ་གཉིས་ནང་འགལ་མ་ཡིན་ནམ་སྙམ་ལ། དེ་ལ་བོན་རྣམས་ཀྱིས་སངས་རྒྱས་གཤེན་རབ་མི་བོའི་དགོངས་པ་ལ་དྲང་དོན་དང་ངེས་དོན། དགོངས་པ་དང་ལྡེམ་དགོངས་ལ་སོགས་ཁྱད་པར་གྱི་དབང་གིས་བྱ་དངོས་སམ་གནས་ལུགས་ཤིག་ལ་ལྟ་སྟངས་མི་འདྲ་བའམ་ཡང་ན་སེམས་ཅན་གྱི་ཁམས་དང་བསྟུན་པའི་དགོས་དབང་གིས་བཤད་ཚུལ་མི་མཐུན་པ་བྱུང་པས་ནང་འགལ་མ་ཡིན་པར་འདོད་དོ། །
                                  2.ཉི་ཟླ་གཟའ་སྐར་སོགས་ཀྱི་ལྟ་ཚུལ། 
      དེ་བཞིན་དུ་གཡུང་དྲུང་བོན་རྣམས་ཀྱིས་མཐོངས་ཀྱི་ཉི་ཟླ་གཟའ་སྐར་སོགས་ཀྱང་ཞི་ལའི་ཨཱ་པའོ་ལོ་ཡི་གཏམ་རྒྱུད་དང་མེ་གླིང་གི་ཉི་མ་ལྔའི་གཏམ་རྒྱུད་དང་རྒྱའི་ཧེའུ་ཡེའི (后羿) ལྟ་བུ་ལ་སོགས་ལྷ་སྒྲུང་ཁོ་ནའི་བཤད་ཡུན་མེད་པར་ཚན་རིག་དང་མཐུན་པའི་ལྟ་ཚུལ་ཞིག་ཡོད་པ་ཡང༌། 《མཛོད་འགྲེལ》ལས། “ཉི་ཟླ་གཟའ་སྐར་སྣང་སྲིད་རྒྱན་ཞེས་པ། ཆུ་རླུང་འཁྲུགས་པའི་སའི་སྙིང་བོ་ལས་ཉི་མ་ཟླ་བ་འབྱུང༌། དེའི་འོད་ཟེར་འཐོར་བས་གཟའ་དང་སྐར་མ་སྐར་ཕྲན་འབྱུང་ངོ༌། །དེས་ལོ་ཟླ་རྩི་བའི་གྲངས་རྡོ་དང༌། སྣང་སྲིད་གསལ་བའི་རྒྱན་དུ་བྱུང་ངོ༌། །”ཞེས་པ་ལྟར་དང༌། ཉི་ཟླ་གཟའ་སྐར་དེ་དག་ནི་རླུང་གི་ནུས་པ་ཞིག་ལ་བརྟེན་ནས་རང་བསྐོར་བརྒྱག་བཞིན་ཡོད་པར་འདོད་དེ། དེ་ཉིད་ལས། “དེ་ལྟར་ཉི་ཟླ་གཟའ་སྐར་སྤྲིན་དང་གཞའ་ཚོན་རྣམས། རླུང་བཞིའི་འཁོར་ལོས་སྐོར་ཏེ། དེ་གང་ཞེ་ན། རླུང་རྫི་བ་དུང་ཕྱུར་འོད་ཀྱི་འཁོར་ལོ་ཅན་གྱིས་འཕུལ། རླུང་མ་བ་ཤ་ཤོ་འོད་ཀྱི་བ་དན་ཅན་གྱིས་འདེགས། བེ་ཅི་རམ་པ་སྲིད་པའི་འཁོར་ལོ་ཅན་གྱིས་སྐོར། རླུང་འཕྱོ་བ་བང་མགྱོགས་གསལ་བའི་སྒྲོན་མ་ཅན་གྱིས་སྣ་འདྲེན་པ་དང་བཞི་སྟེ། དེ་ཡང་ཐ་དད་པའི་རླུང་བཞི་མ་ཡིན་ཏེ། ཉི་ཟླ་གཟའ་སྐར་རང་རང་ལ་རང་ཆས་སུ་ཡེ་ནས་གནས་པ་ཡིན་ནོ། །”ཞེས་དང༌། 《མདོ་དྲི་མེད》ལས་ཀྱང༌། “ཉི་མ་དཔག་ཚད་ལྔ་བཅུ་གཅིག། ཟླ་བ་དཔག་ཚད་ལྔ་བཅུ་འོ། །ཕུལ་དེད་བསྐོར་གསུམ་རླུང་གིས་བཏེགས། །”ཞེས་སོ། །
བོན་གྱི་བཤད་ཚུལ་འདི་དག་ཞིབ་ཏུ་བསམ་ཚེ་དེང་སང་ཚན་རིག་གི་བཤད་ཚུལ་དང་ཡོངས་སུ་མཐུན་པར་སྣང་སྟེ། ད་ལྟ་ཚན་རིག་པ་རྣམས་ཀྱིས་བར་སྣང་ཁམས་ནི་ལོ་དུང་ཕྱུར150སྔོན་ལ་འབར་གས་ཆེན་པོ་ཐེངས་གཅིག་བྱུང་རྗེས་སུ་གྲུབ་པར་འདོད་དེ། འབར་གས་དེས་དངོས་པོ་ཐམས་ཅད་ཕྱོགས་བཞིར་གཏོར་པས་རྒྱུ་སྐར་རྣམས་བྱུང་ཞིང་དེ་ནས་ཚེ་སྲོག་ཀྱང་བྱུང༌། ཉི་མའི་ཁྱིམ་རྒྱུད་ནི་བརྟན་སྐར་ཆེན་པོ་འབར་གས་བྱུང་བ་དེ་ལས་བྱུང་བའི་རྒྱུ་རྡུལ་དང་གློག་རྡུལ་གཉིས་འདྲེས་པའི་རླུང་ལས་གྲུབ་པ་དང༌། དེ་ནི་ཉི་མའི་འཐེན་ཤུགས་ཀྱིས་ཁ་ལོ་བསྒྱུར་བའི་སྐར་མའི་གོ་ལའི་མ་ལག་ཅིག་ཡིན། སྤྱིའི་བརྟན་སྐར་མ་ལག་ནང་གི་སྐར་མའི་གོ་ལ་རྣམས་ཀྱང་ཆ་སྙོམས་སུ་ཁྱབ་ཡོད་པ་ཞིག་མ་ཡིན་པར་ཁྱུ་ཚོགས་དང་ཁྱུ་ཚོགས་བྱས་ནས་ཡོད་པའི་བརྟན་སྐར་གྱིས་ཆུ་འཁོར་གྱི་དབྱིབས་ཅན་དང་འཇོང་དབྱིབས་ཅན། སྒྲིབ་མེད་མེ་ལོང་གི་དབྱིབས་ཅན་དང་གཞན་ཡང་ཆ་མ་ངེས་པའི་དབྱིབས་སྣ་ཚོགས་སུ་གྲུབ་ཡོད་ཅིང་དེ་ལ་བརྟན་སྐར་མ་ལག་ཟེར། སྤྱིའི་བརྟན་སྐར་མ་ལག་གི་ནང་དུ་བརྟན་སྐར་མ་ལག་ས་ཡ་བཅུ་ཡོད་པར་བཤད་ལ། བརྟན་སྐར་མ་ལག་དེ་ལ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་དེ། ཆུང་བ་ལའང་བརྟན་སྐར་ཁྲི་ཕྲག་རེ་ཡོད་པ་དང༌། ཆེ་བ་ལ་བརྟན་སྐར་བྱེ་བ་ཡན་ཡོད་དོ། །ཉི་མ་གནས་པའི་བརྟན་སྐར་གྱི་མ་ལག་དེ་ལ་དགུ་ཚིགས་ཀྱི་མ་ལག་ཟེར་ཞིང༌། ཉི་མ་ནི་དགུ་ཚིགས་མ་ལག་ཁྲོད་ཀྱི་འོད་དང་ཚ་ཟེར་དྲག་པོ་འགྱེད་པའི་བརྟན་སྐར་ཁོ་ན་ཡིན། དེའི་འཐེན་ཤུགས་ནི་ཤིན་ཏུ་ཆེ་བས་རྒྱུ་སྐར་དང་སྐར་མ་དུ་བ་མཇུག་རིང་སྟེ་སྐར་མ་ཆེ་ཆུང་ཐམས་ཅད་འདུས་པའི་སྐར་མའི་གོ་ལའི་འགུལ་སྐྱོད་ལ་ཁ་ལོ་སྒྱུར་བཞིན་ཡོད་པར་བཤད། {13}ཡིན་ནའང་ཉི་ཟླ་དང་སའི་གོ་ལའི་འཁོར་ཚུལ་གྱི་ཐད་ལ《མདོ་དྲི་མེད》ལས། “རི་རབ་ལོགས་ལ་ཉི་ཟླ་འཁོར། ”ཞེས་ཉི་ཟླ་གཉིས་རིའི་རྒྱལ་པོ་རི་རབ་ལ་བསྐོར་བ་བརྒྱག་པའི་བཤད་ཚུལ་དེ་ནི་དགོངས་པ་གཞན་ཡོད་པའམ་ཡང་ན་ད་ལྟའི་མིའི་རིགས་ཀྱི་ཤེས་རིག་ཆུ་ཚད་ཀྱིས་དེ་ལྟར་དུ་མ་མཐོང་པ་མིན་ན་དེང་དུས་ཚན་རིག་གི་བཤད་ཚུལ་དང་ཡོངས་སུ་འགལ་འདུག་གོ  །
      གཞན་ཡང་ནམ་མཁའི་སྤྲིན་དང་གཞའ་ཚོན། ཐོག་དང་སེར་བ་སོགས་ཀྱི་ཐད་ལའང་གཡུང་དྲུང་བོན་གྱིས་གདོད་མའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་དེ་དག་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་ཞིག་ཡིན་པ་མ་རྟོགས་པར་ལྷའི་ཆོ་འཕྲུལ་དུ་བསམ་སྟེ། དེ་ལ་རྨོངས་དད་དང་མཆོད་བཀུར་བྱེད་པ་ཞིག་མ་ཡིན་པར་ཚན་རིག་དང་མཐུན་པའི་ལྟ་ཚུལ་ཞིག་བཟུང་ཡོད་པའང་འདི་ལྟར། “ཐོག་དང་སེར་བ་འབྲུག་དང་གློག་ཅེས་པས། ཉི་མ་མེའི་སྙིང་བོ་ལས་གྲུབ་པ་དང༌། རྫུ་འཕྲུལ་ཤུགས་ཀྱིས་རླུང་འཁོར་ལོ་ཅན་བྱའི། རྫུ་འཕྲུལ་གྱིས་དཀྲུགས་ཤིང་བསུབས་པ་ལས། བར་སྣང་གི་རྡུལ་ཕྲ་རབ་ཞུན་དུ་འདུས་པས་ལྕགས་སུ་གྲུབ། དེ་མོ་རྗེ་ཁུ་གྲགས་ཀྱི་ལྗགས་ལས་སྤྲུལ་བ་འབྲུག་བྱུང༌། ཟླ་བ་ཆུའི་སྙིང་བོའི་ཟིལ་པ་རླུང་གི་འཁོར་ལོ་ཅན་གྱིས་བསྐྱགས་པས་སེར་བ་བྱུང༌། དེ་འབྲུག་གི་ལྕེ་ཡར་མར་འཁྱུག་སྐྱེན་གྱི་མཐིལ་སྐྱོགས་ལ་བླངས་ནས། དེ་རྣམས་ས་ཐེའུ་ནག་པོ་མིག་ཅིག་བྱ་བའི་ཐོག་ཏུ་འབེབས་པ་སྟེ། དེ་ཡང་ཚ་གྲངཤུགས་དང་གསུམ་ཡེ་ནས་རང་ཆས་སུ་བསྲིད་པས་སོ། །སྤྲིན་དང་ཁུ་རླངས་གཞའ་ཚོན་གསལ་ཞེས་པ། དེ་ལྟར་ཐོག་སེར་ཁ་ཆར་གློག་འབྲུག་དང་བཅས་པ་བབས་པས། དེའི་ཁུ་དྲོས་པ་ལས་རླུང་བྱུང་བས་ཁུ་རླངས། དེ་བར་སྣང་གི་མཁའ་ལ་འཁྲིགས་པས་སྤྲིན། མེ་ཆུ་ས་རླུང་གི་ངད་པ་མཁའ་ལ་ཉི་མའི་ཟེར་གྱིས་དྲིལ་བས་གཞའ་ཚོན་དེ་སོ་སོ་ན་བཀྲ་བས་གསལ་ཞེས་བྱའོ། །”ཞེས་གསུངས་པ་དང༌། ཡང༌། “ཐོག་ནི་མེ་འབར་བའི་རང་བཞིན་དུ་གནས་ལ། སེར་བ་ནི་ཆུ་འཁྱགས་ཀྱི་རང་བཞིན་དུ་འོང……”ཞེས་དང༌། “དེ་རླུང་གིས་བསྐྱོད་པས་འོད་གློག་ཏུ་འོང་ངོ༌། །”ཞེས་དང༌། “དེ་རླུང་གིས་དྲག་ཏུ་བསྐྱོད་པ་ལས་ཐོག་འབྱུང་ངོ༌། །”ཞེས་དང༌། “དེ་རླུང་དང་རླུང་དུ་འཐབས་པའི་ངད་ཀྱིས་ཆུ་འཁྱགས་ཏེ་སེར་བར་འབྱུང་ངོ༌། །རླུང་དང་རླུང་དུ་འཐབས་པའི་ཤུགས་ལས་འབྲུག་བྱུང་ངོ༌། །དེས་ན་ཐོག་སེར་དང་ཁུ་ཆར་འབྱུང་བ་དེ་ཙུག་ལགས་སོ། །”{14}ཞེས་པའི་ཚིག་འདི་དག་གིས་རང་བྱུང་ཁམས་ཀྱི་སྣང་ཚུལ་དེ་རྣམས་ལ་ལོ་ཉིས་སྟོང་བརྒྱད་བརྒྱའི་སྔོན་ནས་ཚན་རིག་དང་མཐུན་པའི་འགྲེལ་བ་བརྒྱབ་ཡོད་པ་ནི་ཤིན་ཏུ་ནས་རང་རེ་བོད་མི་རིགས་ཀྱི་བློ་གྲོས་ཡིན་ནོ། །
                                  3.རི་དང་ཆུ་བོ། རྩི་ཤིང་སོགས་ཐད་ཀྱི་ལྟ་ཚུལ།
      དེ་ཡང༌། “ཐེག་ཆེན་ས་གཞི་སྐྱེད་པའི་ཡུམ་ཞེས་པ། ཐེག་ཆེན་ནི་རླུང་མེ་ཆུ་གསུམ་གྱིས་ས་གཞི་སྐྱེད་པ་ཡིན་ལ། ས་གཞི་ནི་གླིང་བཞི་དང་རི་རབ་རྩི་ཤིང་དང་རི་བྲག་ཆུ་བོ་དང་ལྟེང་ཁ་རྣམས་སྐྱེད་པའི་གཞི་བྱེད་པའོ། །ཡུམ་ནི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་གསོས་གཞི་ཡིས་བསྐྱེད་ནས་གསོ་བས་ཡུམ་ཞེས་བྱའོ། །”ཞེས་དང༌། “འབྱུང་བ་རྒྱུ་ལྔ་ཀློང་ལས་ཟིལ་དང་ཆར་དུ་སྲིད། །དེ་ལས་ཕྱིའི་རྒྱ་མཚོ་རུ་སྲིད་དོ། །”{15}ཞེས་འབྱུང་བ་ལྟར་དང་པོ་འབྱུང་བ་ལྔ་ལས་རི་རབ་དང་རྒྱ་མཚོ་བྱུང་བར་འདོད་པ་དང༌། ས་གཞི་དེ་ལ་རྟེན་བྱས་ཏེ་སེམས་ཅན་ནམ་བྱེད་པོ་གང་གིས་ཀྱང་མ་བྱས་མ་སྤྲུལ་བར་རང་བྱུང་ཁམས་ཀྱི་བཀོད་པ་ཐམས་ཅད་རྟེན་འབྱུང་ལས་ངང་གིས་བྱུང་བར་བཞེད་དེ། “ཆགས་པ་དང་པོ་རླུང་ནས་ནི་ཞེས་པ་དང་པོ་རླུང་ཆགས། དེ་ནས་མེ་ཆུ་སའོ། མཚོ་གླིང་ཤིང་རྩི་རི་རབ་རིམ་གྱིས་ཆགས་པའོ། །”{16}ཞེས་པ་དང༌། 《བདེན་གཉིས》ལས། “འདི་ལྟར་སྣང་བའི་དངོས་པོ་ཀུན། །རྒྱུ་རྐྱེན་རྟེན་འབྲེལ་སྟོབས་ལས་བྱུང༌། །”ཞེས་སོ། །དེས་ན་དངོས་པོ་ཐམས་ཅད་ཀྱི་རྣམ་པའམ་རང་བཞིན་ནམ་ངང་ཚུལ་རྣམས་ཀྱང་རང་ཤུགས་ཀྱིས་གྲུབ་པར་འདོད་དེ། དཔེར་ན། “པདྨའི་འཇམ་དང་ཚེར་མའི་དབལ་ཞེས་པ། པདྨ་རེག་འཇམ་པ་སྦྱངས་ཤིང་བཏུལ་བ་མ་ཡིན་ཏེ་རང་བཞིན་དུ་བྱུང་བ། ཚེར་མ་རྣོ་ཞིང་གདུག་པའི་དབལ་ཆགས་པ་ཡང༌། མཁན་པོས་གཞོགས་ཀྱིན་ངར་བླུད་པ་མ་ཡིན་ཏེ་རང་བཞིན་དུ་བྱུང་བའོ། །”{17}
                                   4.རང་བྱུང་ཁམས་ལ་བཅངས་པའི་རྣམ་འགྱུར། 
     གཡུང་དྲུང་བོན་རྣམས་ཀྱིས་རང་བྱུང་ཁམས་ལ་བཅངས་པའི་འདུ་ཤེས་སམ་རྣམ་འགྱུར་ནི་གཤེན་རབ་མི་བོས་གསུངས་པའི་གྲུབ་མཐའི་ལྟ་བ་ཁྱད་པར་བ་ཞིག་གི་སྟེང་དུ་བཙུགས་ཡོད་པ་རེད། དེ་གང་ཡིན་ཞེ་ན། དེ་ནི་ས་བདག་ཀླུ་གཉན་ཀྱི་ལྟ་བ་དེ་རེད། གཤེན་རབ་པའི་ལུགས་ལྟར་ན། རང་བྱུང་ཁམས་ན་མཐོང་སྣང་དུ་ཡོད་པའི་འགྲོ་བ་མི་དང་བཅས་པའི་སྲོག་ཆགས་སྣ་ཚོགས་འཚོ་གནས་བྱས་ཡོད་པ་ལས་གཞན་སོ་སྐྱེའི་མིག་གིས་མི་མཐོང་བའི་ཚེ་སྲོག་གི་རིགས་མི་འདྲ་བ་མང་པོ་ཞིག་ཀྱང་དེ་ལ་གནས་ཡོད་པར་འདོད། དེ་ཡང་སྟེང་བར་སྣང་གི་ཁམས་དང་བར་རི་བོ་དང་ནགས་ཚལ་དང་ས་གཞི་ཐམས་ཅད། འོག་ཆུ་བོ་དང་རྒྱ་མཚོ་དང་རྩི་ཤིང་ལ་སོགས་རང་བྱུང་ཁམས་ལ་ཀླུ་དང་གཉན་དང་ས་བདག་ཅེས་པས་བདག་ཏུ་བཟུང་ཡོད་ཚུལ་བོན་གྱི《གཙང་མ་ཀླུ་འབུམ་དཀར་པོ》སོགས་ལས་མང་དུ་གསུངས་ཡོད་པས། མི་རྣམས་ཀྱིས་རང་སྣང་གང་འདོད་དུ་གང་ས་གང་དུ་ས་བརྐོ་རྡོ་སློག་དང་རྩི་ཤིང་དང་རི་དྭགས་སོགས་རང་འདོད་དུ་བསྲེག་གཅོད་གསོད་གསུམ་བྱས་ན་ས་བདག་ཀླུ་གཉན་དེ་དག་གི་ཉེས་ཆད་ཕོག་པར་བཤད་པས་མི་རྣམས་ཀྱིས་ཉིན་རྒྱུན་གྱི་འཚོ་བའི་ནང་རང་བྱུང་ཁམས་ལ་འཛེམ་པ་དང་དེ་ལ་བརྩི་འཇོག་བྱེད་པ། ཐ་ན་དེ་དང་མཉམ་པ་ཉིད་ཀྱི་ལྟ་བ་བཟུང་ཡོད། ལྟ་བ་དེས་རང་ཤུགས་ཀྱིས་རང་བྱུང་ཁམས་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཚུལ་སྐོར་གཞན་ནས་ཞིབ་ཏུ་གླེང་རྒྱུ་ཡིན་པས་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱའོ། །

ལྔ། ཚེ་སྲོག་གི་ལྟ་ཚུལ།

                                  1.ཚེ་སྲོག་བྱུང་ཚུལ་ཐད་ཀྱི་ལྟ་ཚུལ། 
     སྤྱིར་བོན་རྣམས་ལྟར་ན་ཚེ་སྲོག་ཐམས་ཅད་ཀྱང་འབྱུང་བ་ལྔ་ལས་མ་བྱུང་བ་གཅིག་ཀྱང་མི་སྲིད་པར་འདོད་དེ། 《མཛོད་འགྲེལ》ལས། “འབྱུང་བ་ལྔ་ལས་ཀུན་ཀྱང་སྤྲུལ་ཞེས་པ། སྐྱེ་འགྲོ་སེམས་ཅན་སྲོག་དང་དབུགས་ཀྱིས་བསྡུས་པ་རྣམས། སེམས་ཅན་ནམ་མཁའི་ངོགས་ལས་སྤྲུལ། དབུགས་རླུང་གི་རྒྱུན་ལས་སྤྲུལ། དྲོད་མེའི་མདངས་ལས་སྤྲུལ། ཁྲག་ཆུའི་བག་ལས་སྤྲུལ། ཤ་སའི་རྟེན་ལས་སྤྲུལ་པའོ། །” ཞེས་སོ། །
      དེས་ན《ནམ་མཁའ་སྤྱི་གཅོད》ལས། “འཁོར་འདས་ཀུན་གྱི་ཐོག་མ་རུ། །ཐོག་མར་རིག་པའི་རྒྱལ་བོ་སྔ། །”ཞེས་བཅུད་ལ་སྔ་བ་ནི་ཡེ་སྲིད་ཀྱི་སེམས་རྒྱུན་ཡིན་པར་བཤད་པ་དེ་ནི་མར་ཁེ་སིའི་མཚན་ཉིད་རིག་པའི་ལྟ་བ་ལྟར་ན་སེམས་རིག་སྔོན་དང་དངོས་པོ་རྗེས་སུ་བྱུང་བ་འདྲ་ཞིག་ཆགས་འདུག་སྟེ། འདི་ནི་ཆོས་ལུགས་ཀུན་གྱི་ཐུན་མོང་གི་ལྟ་ཚུལ་ཞིག་ཀྱང་ཡིན་ནོ། །དེ་ལྟར་ཕྱི་སྣོད་ཀྱི་ཆགས་ཚུལ་ལ་ཐེག་པ་མི་འདྲ་བ་རེར་བཞེད་ཚུལ་མི་འདྲ་བ་ཡོད་པ་ནང་བཞིན་ནང་བཅུད་ཀྱི་ཆགས་ཚུལ་ཡང་དེ་ལྟར་རོ། །
                                 (1) མིའི་རིགས་བྱུང་ཚུལ་ཐད་ཀྱི་ལྟ་ཚུལ། 
     སྤྱིར་བོན་གྱི་དཔེ་ཆ་ཀུན་ལས་འགྲོ་བ་མིའི་རིགས་འདི་དང་པོ་འོད་གསལ་གྱི་ལྷ་ལས་མཆེད་ཅེས་བཀོད་པ་ནི་གཅིག་མཐུན་གྱི་ལྟ་བ་ཞིག་ཡིན་ལ། འདིར《མཛོད་འགྲེལ》ལྟར་ན། “དེ་ལས་སྲིད་པའི་སྨོན་ལམ་དང་སེམས་ཅན་གྱི་ལས་དབང་གིས། མཚོ་དབུས་དབྱལ་མ་མོ་ཞིག་བྱུང༌། དེ་ལས་འོད་སྒོང་སྔོན་པོར་བྱུང༌། སྒོ་ང་རང་གིས་རང་བརྡོལ་བས། གཡུའི་བུད་མེད་སྔོན་མོ་ལ། འཐིང་གི་མཆན་ལྟས་བདུན་དུ་བརྩེགས་པ་ཞིག་བྱུང་ངོ༌། །ཆུ་ལྕགས་རྒྱལ་མོ་སྲིད་པའི་ཡུམ་ཞེས་པ། ཡབ་སངས་པོ་འབུམ་ཁྲིས་མིང་བཏགས་པ། སྒོ་བ་ཆུ་ལྕགས་རྒྱལ་མོ་ཞེས་དང་བྱ། ”ཞེས་སོ། །འདི་དང་འོད་ཀྱི་སྒོ་ངའི་ནང་སྙིང་ལས་བྱུང་བའི་ཁྲི་རྒྱལ་ཁུག་པའི་སྤྲུལ་བ་སྲིད་པ་སངས་པོ་འབུམ་ཁྲི་གཉིས་བཤོས་པ་ལས་སྲིད་པ་ཕོ་དགུ་དང་མོ་དགུ་སྟེ་ལྕམ་དྲལ་བཅོ་བརྒྱད་དུ་བྱུང་སྟེ། “དེ་དག་ལས་རིམ་གྱིས་འགྲོ་བ་མིའི་རིགས་བརྒྱུད་མི་འདྲ་བ་དག་བྱུང”{18}བར་བཞེད་དོ། །ལྷ་སྒྲུང་ལྟ་བུའི་བཤད་ཚུལ་འདི་ཡང་ཚན་རིག་དང་མཐུན་པ་ཕྱོགས་ཙམ་ཡོད་དེ། ད་ལྟ་ཚན་རིག་པས་མིའི་རིགས་རྒྱུད་འདི་འདྲ་མང་པོ་ཞིག་ཡོད་པ་ལDNAསྟེང་ནས་བརྟག་སྟེ་ཁུངས་འདེད་བྱས་ཚེ་རང་རེ་མིའི་རིགས་ནི་མ་ཡུམ་དགུ་ལས་བྱུང་འཕེལ་སོང་བར་མཐོང་ངོ༌། །
      ཡང་རྫོགས་ཆེན་གྱི་ལུགས་ལྟར་ན། “དུས་གསུམ་ཐོག་དང་ཐ་མ་མེད་པའི་དུས། འཁོར་འདས་གཉིས་གང་གིས་ཀྱང་མ་རེག་པའི་དུས་ན། ཀུན་གཞི་གཤིས་ཀྱི་འདུག་ཚུལ་ནི། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ནམ་མཁའ་ལྟ་བུར་གནས་སོ། །དེ་ལ་རིག་པ་ནི་ཀུན་གཞིའི་ཀློང་ནས་རང་ཤར་ཏེ། གསལ་ལ་རྟོག་པ་མེད་པར་ཉི་མའི་སྙིང་བོ་ལྟ་བུར་གནས་སོ། །”{19}ཞེས་པས་ནམ་མཁའ་སྟོང་བ་དང་མཉམ་དུ“ཀུན་གཞི”ཤེས་པ་ཞིག་ཀྱང་ངང་ལ་གྲུབ་པར་འདོད་ལ། དེ་ནས“རང་ཤེས་རིག་གི་རྒྱལ་པོ”དེས་རང་གི་ངོ་བོ་རྟོགས་པས་མྱ་ངན་ལས་འདས་པར་བཤད་ལ། མ་རྟོགས་པས་འཁོར་བར་བཤད་དོ། །འདིར“འཁོར་བ”ཞེས་པ་ནི་ནང་དོན་རིག་པའི་ཐ་སྙད་ཀྱི་རྒྱ་ལ་མ་ཚུད་པར་བཤད་ན་སེམས་ཅན་ཏེ་ཚེ་སྲོག་གི་རྒྱུན་ལ་སྟོན་པར་འདོད་པ་གོང་དང་མཚུངས་སོ། །“མ་རྟོགས་འཁོར་བར་ཤར་ཚུལ་ནི། སྣང་བའི་ཡུལ་གསུམ་མངོན་དུ་ཤར་བའི་ཚེ། སྒྲ་འོད་ཟེར་གསུམ་བློའི་ཡུལ་དུ་ཤར་བས། བློ་དྲན་རིག་ཤེས་པས་ཡུལ་ལ་རྨོངས་ཏེ། རང་སྣང་དུ་མ་ཤེས་དངོས་པོ་མཚན་མར་བཟུང༌། ཡུལ་དེ་གསུམ་གྱིས་རྐྱེན་བྱས་ནས། འཁྲུལ་བའི་སྣང་བ་ཤར་ཏེ་བྱང་ཆུབ་སེམས་ལ་སྒྲིབ། དྲན་རིག་བློ་ཡིས་རང་རིག་ངོ་མ་ཤེས། མ་རིག་དབང་གིས་ཤེས་པ་ཡུལ་ལ་འགྱུས། རང་ས་མ་ཟིན་སྣང་བའི་རྗེས་སུ་འབྲེང༌། སྣང་བའི་རྗེས་སུ་འབྲེང་པས་རང་དབང་ཤོར། རང་དབང་ཤོར་བས་གཞན་སྣང་སྒྱུ་མས་བསླུས། སྒྱུ་མས་བསླུས་པས་འཁོར་བའི་རྟེན་འབྲེལ་ཤར་རོ། །”{20}ཞེས་སོ། །དེ་བཞིན་དུ《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་མདོ་འགྲེལ་གསལ་བའི་སྒྲོན་མེ》ལས་ཀྱང༌། “མཉམ་ཉིད་ངོ་བོ་སྤྲོས་བྲལ་ལ། །འཁྲུལ་དང་མ་འཁྲུལ་ངང་གིས་གནས། །……འཁྲུལ་བ་གཞན་ནས་འོང་བ་མ་ཡིན་ཏེ། །མ་སྤང་གཞི་ལ་ཡུལ་གྱི་གློ་བུར་བྱུང༌། །དཔེར་ན་སྤྲིན་དང་གཞའ་ཚོན་ཁུ་རླངས་རྣམས། །གཞན་ནས་མ་འོངས་ནམ་མཁའི་ངང་ནས་བྱུང༌། །ནམ་མཁའ་མ་སྤངས་འབྱུང་བ་གློ་བུར་ཙམ། །”ཞེས་དང༌། ཡང༌། “འཁྲུལ་བའི་འབྲས་བུ་ཅི་ཞེ་ན་ཉོན་མོངས་སྡུག་བསྔལ་གཉིས། །གཉིས་འཁྲུལ་དབང་གིས་འཁོར་བ་ཐམས་ཅད་འབྱུང་བའི་རྒྱུའོ། །དཔེར་ན་ཐམས་ཅད་རང་ལས་བྱུང་སྟེ་ཤིང་ཁའི་སྲིན་བཞིན་ནོ། །”ཞེས་འབྱུང་བ་ལྟར་རོ། །
                                  (2)སྲོག་ཆགས་ལ་སོགས་ཚེ་སྲོག་གཞན་པའི་བྱུང་ཚུལ་ཐད་ཀྱི་ལྟ་ཚུལ།
      དེ་ཡང《མཛོད་འགྲེལ》ལས། “བཅུད་ཆགས་པ་ལ་སྔ་བ་ལ་ལྷ་ཡིན། དེ་ནས་ལྷ་མིན་མི་དང་བྱོལ་སོང་དང་ཡིད་དྭགས་དང་དམྱལ་བ་རྣམས་རིམ་གྱིས་ཆགས་པའོ། །”ཞེས་འབྱུང་པ་ལྟར་སྲོག་ཆགས་ལ་སོགས་སེམས་ཅན་གཞན་རྣམས་ཀྱང་གོང་དུ་བཤད་པའི་ཡེ་སྲིད་ཀྱི་སེམས་རྒྱུན་དེར་དུག་ལྔ་ལ་སོགས་མ་རིག་པའི་དབང་གིས་གཟུགས་དང་རྣམ་པ་མི་འདྲ་བ་མང་དུ་བྱུང་བ་ཐམས་ཅད་རང་རང་གི་ལས་ལས་བྱུང་བར་འདོད་དོ། །དེ་རྣམས་ཀྱི་སྐྱེ་ཚུལ་ཐད་ལའང་འདི་ལྟར། “སེམས་ཀྱི་དྲོད་ལས་སྐྱེ་བ་པྲ་མོ་ཧའི་ཤིག་ཚོགས་དང༌། སའི་དྲོད་ལ་རླངས་ཀྱིས་གོ་ཕྱེ་བས་འབུའི་རིགས་སྐྱེ་བ་དང༌། ཆུ་ལ་དངས་བས་གོ་དེ་ཕྱེ་བས་གྱུར་བུ་ཉ་རུ་སྐྱེ་བ་དང༌། ཐང་ཡུད་ནི་མྱུར་བ་སྟེ། སྦྲུལ་དང་ཟེ་མོ་སྤྲུལ་པ་སྲིད་པའི་སྒོ་ང་ལས་སྐྱེ་བ་དང༌། འབྱུང་བའི་སྒོ་ང་ལས་སྐྱེ་བ་ནི། ཡོད་མེད་ཀྱི་ཁ་འཛིན་དཀར་ནག་དང༌། སེམས་ཀྱི་སྒོ་ང་བྱའི་རིག་རྣམས་སོ། །”{21}ཞེས་སོ། །
                                  2.ཚེ་སྲོག་གྲོལ་ཚུལ་གྱི་རྣམ་པའི་ཐད་ཀྱི་ལྟ་ཚུལ། 
     ཚེ་སྲོག་གི་རྣམ་པ་མི་འདྲ་བ་སྣ་མང་ཕུན་སུམ་ཚོགས་པ་འདི་དག་དུས་མཉམ་དུ་བྱུང་ངམ་ཡང་ན་ཉུང་ངུ་ཞིག་ནས་འཕེལ་ཏེ་ཇེ་མང་དུ་སོང་བ་ཡིན་ཞེ་ན། དེ་ལ་བོན་གྱི《མཛོད་འགྲེལ》ལས། “སྣོད་རྩང་སྨེ་ལ་བཅུད་རྩང་སྨེ་རྟེན་པ་སྟེ། བཅུད་དཔག་བསམ་གྱི་ལྗོན་ཤིང་ལྟར་པ་ནི། དཔེར་ན་དཔག་བསམ་གྱི་ལྗོན་ཤིང་ཡང་རྩ་བ་ལས་ཡན་ལག་གྱེས། དེ་ལ་ལོ་འབྲས་མེ་ཏོག་གྱེས་ཤིང་འབྲས་བུ་སྨིན་པ་བཞིན་དུ། སྣོད་རྩང་སྨེ་ལ་རྟེན་པའི་བཅུད་རྩང་སྨེ་རྣམས་ཀྱང༌། གཅིག་ལས་གཉིས་འཕེལ་གྱི་ཚུལ་དུ་སྐྱེ་བའོ། །”ཞེས་གསུངས་པ་འདི་ལ་ཚན་རིག་གི་རང་བཞིན་ཡོད་དེ། ད་ལྟ་ཚེ་སྲོག་གི་འཕེལ་ཚུལ་ཐད་ལ་ཚན་རིག་པ་རྣམས་ཀྱིས་སའི་གོ་ལའི་སྟེང་ན་སྐྱེ་དངོས་རིགས་ཧ་ལམ་ས་ཡ་གཉིས་ནས་དུང་ཕྱུར་གཅིག་ཡོད་པ་ལས་མིག་སྔར་ངོས་ཟིན་བྱུང་བ་ལ་འབུམ་གཅིག་དང་ཁྲི་བཞི་བཅུ་ལྷག་ཡོད། དེ་ལ་ཚན་རིག་པས་སྐྱེ་དངོས་རིག་པ་དང་གནའ་བོའི་སྐྱེ་དངོས་རིག་པ། གནམ་དཔྱད་རིག་པ། ས་གཤིས་རིག་པ། རྫས་འགྱུར་རིག་པ་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་ལ་ཞིབ་འཇུག་བྱས་རྗེས་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་ཡོད་པ་ནི། མིའི་རིགས་འདུས་པའི་སྲོག་ཆགས་དང་རྩི་ཤིང་གི་མེས་པོ་ནི་སྐྱེ་དངོས་ཕྲ་རབ་ཡིན་པ་དང༌། དེ་ལོ་དུང་ཕྱུར་བཅུ་ཕྲག་མང་པོར་འཕེལ་རྒྱས་བྱུང་རྗེས་གཞི་ནས་ཚེ་སྲོག་གི་རྣམ་པ་གཞན་དག་བྱུང་བར་འདོད་པ་དང༌། ཏུར་བུན་གྱི་འཕེལ་འགྱུར་སྨྲ་བས་ཀྱང་སྐྱེ་དངོས་རིགས་ཐ་དག་སྐྱེ་དངོས་རིགས་གཅིག་སྟེ་གནའ་བོའི་སྐྱེ་དངོས་ལས་བྱུང་བར་བཞེད་དེ། ཧ་ལམ་ལོ་དུང་ཕྱུར30ལྷག་གི་སྔོན་ནས་ཆ་རྐྱེན་ངེས་ཅན་འོག་ཏུ་ཚེ་སྲོག་བྱུང་བ་དང༌། དེའི་རྗེས་སུ་སྐྱེ་དངོས་དེ་རིགས་མུ་མཐུད་དུ་འཕེལ་འགྱུར་བྱུང་སྟེ་ད་ལྟ་འཛམ་གླིང་ན་གོང་དུ་བཀོད་པའི་དངོས་རིགས་ཀྱི་གྲངས་ཀ་དེ་ཙམ་ཡོད་པར་གསུངས་སོ། །
      ཡང་ཚེ་སྲོག་མི་འདྲ་བ་སྣ་མང་ཕུན་སུམ་ཚོགས་པ་འདི་དག་འཕེལ་བའི་རྣམ་པ་ཡང་བོན་གཞུང་རྣམས་སུ་རྣམ་པ་བཞི་རུ་དབྱེ་སྟེ། སྣང་བ་འོད་ལ་བརྟེན་ཏེ་སྐྱེ་བ་དང༌། ས་ཆུ་སྒོ་ང་ལ་བརྟེན་ཏེ་སྐྱེ་བ་དང༌། དྲོད་སེར་རླན་ལ་བརྟེན་ཏེ་སྐྱེ་བ་དང༌། ཕ་མའི་མངལ་ལ་བརྟེན་ཏེ་སྐྱེ་བ་དང་བཞིའོ། །ཞིབ་ཏུ་ནི་དྲོད་ལས་སྐྱེ་བ་བཞི། སྒོ་ང་ལས་སྐྱེ་བ་གསུམ། མངལ་ལས་སྐྱེ་བ་གཉིས། རྫུས་ནས་སྐྱེ་བ་གསུམ་སྟེ་སྐྱེ་བའི་རྣམ་པ་བཅུ་གཉིས་སུ་ཡང་སྟོན་ཏོ། །དེ་ལ་བྱ་རིགས་ཉ་སྦལ་ལ་སོགས་པ་སྒོ་ང་ལས་སྐྱེ་ཞིང༌། ལྷ་ཡི་རིགས་རྣམས་རྫུ་འཕྲུལ་འོད་ལས་སྐྱེ་བ། འབུ་རིགས་རྣམས་དྲོད་སེར་རླན་ལས་སྐྱེ་བ། རང་རེ་མི་རིགས་རྣམས་ཁུག་རྐྱང་མངལ་ལས་སྐྱེ་ཞེས《མཛོད་འགྲེལ》ལས་གསུངས་སོ། །
     གཞན་དུ་ན་ཚེ་སྲོག་གི་རྟེན་དེ་ཡང་འགྱུར་བ་མེད་པ་ཞིག་མ་ཡིན་པར་འཚོ་བའམ་གནས་པའི་རྣམ་པ་གསུམ་སྟེ་འདོད་ཁམས་དང་གཟུགས་ཁམས་དང་གཟུགས་མེད་ཁམས་སམ་ཡང་ན་འགྲོ་བ་རིགས་དྲུག་ཏུ་གནས་འགྱུར་བྱེད་པར་འདོད་པ་འདི་ཡང་གཡུང་དྲུང་བོན་གྱི་རྒྱུ་འབྲས་སྟོན་པའི་ལྟ་བའི་རྨང་གཞི་ཞིག་ཡིན་ཏེ། “ལས་དང་ཉོན་མོངས་པས་བཅིངས་པའི་སེམས་ཅན་རྣམས་རིགས་དྲུག་གི་སྐྱེ་གནས་གཅིག་ལ་གཅིག་ཕོག་པའི་སྒོ་ནས་མཐོ་བ་སྲིད་པའི་རྩེ་གཟུགས་མེད་ཀྱི་ཁམས་སུ་འདྲོངས་ཤིང་ཡང་ཕྱིར་དམྱལ་བར་ལྷུང་བ་སྟེ། འགྲོ་བའི་གནས་རིགས་དྲུག་པོ་འདིར་ཟག་བཅས་ཀྱི་དགེ་བ་དང་མི་དགེ་བའི་རྒྱུས་གཅིག་ནས་གཅིག་ཏུ་སྐྱེ་ཞིང་འཁོར་བས་ན་འཁོར་བ་ཞེས་བྱ”{22}ཞེས་སོ། །
                                   3. ཚེ་སྲོག་གི་རིན་ཐང་ལྟ་ཚུལ། 
     བོན་རྣམས་ཀྱིས་འཇིག་རྟེན་འདིར་འཚོ་བའི་འགྲོ་བ་མི་དང་རི་དྭགས་ལ་སོགས་སྲོག་ཆགས་ཐམས་ཅད་འདྲ་མཉམ་ཡིན་པའི་ལྟ་ཚུལ་བཟུང་ཡོད་དེ། ལྟ་བ་དེ་ནི་བོན་གྱི་ཐེག་པ་ཀུན་གྱི་རྩེ་མོ་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་ཡིན་ཏེ། ཐེག་པ་དེ་ལས་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་མ་ཟད། སངས་རྒྱས་དང་སེམས་ཅན་གཉིས་ཀྱང་མཐོ་དམན་མེད་པར་འདྲ་མཉམ་དུ་འདོད་ལ། དེ་ལྟར་འདོད་པའི་ལྟ་བ་དེའི་རྨང་གཞི་ནི“རང་འབྱུང་ཡེ་ཤེས”སམ“ཐིག་ལེ་ཉག་གཅིག”“བྱང་ཆུབ་ཀྱི་སེམས་”ཞེས་པ་ལ་སོགས་པའི་ཐ་སྙད་དེའི་སྟེང་ནས་གྲུབ་པ་ཡིན། 《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་མདོ་འགྲེལ་གསལ་བའི་སྒྲོན་མེ》ལས། “རང་བྱུང་སེམས་ཉིད་ཡེ་ནས་སྟོང་བ་ལ། །མཐོ་དམན་ཡངས་དོག་དངོས་ཉིད་ཡེ་ནས་མེད། །རིགས་དྲུག་སྐྱེ་བ་ཀུན་གྱི་སེམས་དེ་ལ། །འཁོར་འདས་མ་ལུས་དུས་གཅིག་རྫོགས་པ་ཡང༌། །”ཞེས་དང“འགྲོ་དྲུག་སངས་རྒྱས་ཡིན་པའི་རྟགས་སུ་ནི། །མཐོ་དམན་མེད་པར་བྱང་ཆུབ་སེམས་ཡིན་པས། །བརྟག་ཀྱིན་མི་མཐོང་སངས་རྒྱས་ཉིད་དུ་འདུག། རྒྱུ་རྐྱེན་མི་དགོས་དངོས་པོ་རང་ཁ་ཡིན། །”ཞེས་དང༌། 《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་སྒྲོན་མའི་འགྲེལ་པ་ཉི་འོད་རྒྱན》ལས་ཀྱང༌། “ཤེས་རིག་རྒྱུད་ཀྱི་ཀུན་གཞི་ནི། སངས་རྒྱས་སེམས་ཅན་གཉིས་ཀྱི་རྒྱུད་ལ་མ་འདྲེས་སོ་སོར་ཤར་ཡང༌། ངོ་བོ་ཉིད་ཀྱི་ཀུན་གཞི་ནི་སོ་སོ་ཐ་དད་མ་ཡིན་ཏེ། ཐིག་ལེ་ཉག་མ་གཅིག་གིས་སངས་རྒྱས་སེམས་ཅན་ཡོངས་ལ་ཁྱབ་པའོ། །”ཞེས་སོ། །དེ་ལྟར་སེམས་ཅན་འདྲ་མཉམ་ཡིན་པའི་རྒྱུ་མཚན་གྱིས“རིགས་དྲུག་ཕ་མ་བུ་གཉེན་ལ། །བདག་ཕྱོགས་མེད་པའི་སྙིང་རྗེ་བསྐྱེད། །”{23}དེ་ཀུན་ལ་གནོད་པ་དང་འཚེ་བ་གཏོང་མི་རུང་བར་གསུངས་པ་དེ་དེང་དུས་སུ་སྐྱེ་དངོས་དང་རི་དྭགས་སོགས་རང་འདོད་དུ་གནོད་འཚེ་མི་གཏོང་བར་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ཡོང་བའི་ཐད་ལའང་དོན་སྙིང་ཆེན་པོ་ལྡན་ནོ། །
      དེ་ལྟར་ཀུན་གཞི་དང་བདེ་གཤེགས་ཀྱི་སྙིང་བོ་ཁྱབ་ཚུལ་གྱི་སྟེང་ནས་སེམས་ཅན་ཐམས་ཅད་འདྲ་མཉམ་དུ་འདོད་ནའང༌། བྱེ་བྲག་གི་ལུས་རྟེན་དང་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་ཐུབ་མིན་གྱི་སྟེང་ནས་མི་ལུས་རིན་པོ་ཆེ་ཁྱད་པར་འཕགས་ཏེ། ཐ་ན་ལྷས་ཀྱང་འགྲན་པའི་ཟླ་མེད་པར་འདོད་དོ། །དེ་བས་བོན་གྱི་གཞུང་ཀུན་ནས་མི་ལུས་ཐོབ་པ་ཤིན་ཏུ་རྙེད་དཀའ་བར་གསུངས་ཤིང༌། དེ“དཔེར་ན་གྱང་ལོགས་ཀྱི་ཞལ་བ་འཇམ་པ་ལ་སྲན་མ་སྤར་གང་གཏོར་ན། དེ་གྱང་ངོས་སུ་ཆགས་མི་སྲིད་ཅིང་གལ་ཏེ་གཅིག་ཙམ་ཆགས་པ་བྱུང་ན་ཤིན་ཏུ་ངོ་མཚར་ཆེ་བ་བཞིན་དུ། ངན་སོང་གསུམ་སོགས་མི་ཁོམ་པའི་གནས་ནི་ས་གཞི་དང་འདྲ་ལ། མིའི་སྐྱེ་གནས་གྱང་ལོགས་དང་འདྲ་བ་ལས། ད་རེས་མི་ཁོམ་པའི་གནས་སུ་སྐྱེས་པ་མིའི་ལུས་རྟེན་རྙེད་པ་འདི་ནི་གྱང་ལོགས་སུ་སྲན་མ་ཆགས་པ་དང་འདྲ་སྟེ་ཤིན་ཏུ་རྙེད་པ་དཀའ་འོ། །”{24}དེ་བཞིན་དུ་དལ་འབྱོར་རྙེད་དཀའ་བའི་དཔེ་ལ་ད་དུང་ཨུཏཔལ་གྱི་མེ་ཏོག་དང་ནམ་ལངས་པའི་སྐར་མ། སོ་མཚམས་ཀྱི་ལོ་ཏོག་སོགས་བཀོད་ཡོད།
      དེ་འདྲའི་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ལྟ་བའི་སྟེང་ནས་བོན་རྣམས་ལ་ཚེ་སྲོག་ཡོད་ཚད་ལ་རྩི་འཇོག་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཤིག་ངང་གིས་ཆགས་ཡོད་ཅིང༌། ལྷག་པར་དུ་མི་ལུས་རིན་པོ་ཆེ་རྙེད་དཀའ་བའི་རྒྱུ་མཚན་སྟེང་ནས་དེ་ལ་གཅེས་སྤྲོས་བྱེད་དགོས་པ་དང་དེ་སྙིང་བོ་ཡོད་པ་ཞིག་བགྱི་བར་བོན་གྱི་སྔོན་བྱོན་དམ་པ་ཇི་སྙེད་ཀྱིས་ཞལ་ནས་ཡང་ཡང་དུ་གདམས་ཏེ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་ཞལ་ནས་ཀྱང༌། “རྟེན་འདིའི་སྟེང་ནས་དགེ་བའི་ལས་ཤིག་སྒྲུབ་ནའང་སེམས་ཅན་ཕྱི་མ་ལས་སྟོབས་ཆེ་བ་བསྒྲུབ་ནུས། མི་དགེ་བའི་ལས་བསགས་ཀྱང་དེ་བཞིན་གཞན་གྱིས་སྒྲུབ་པ་ལས་ནུས་པ་ཆེ། དེས་ན་ད་རེས་བདེ་སྡུག་གི་རྒྱུ་རང་གི་ལག་ཏུ་ལེན་ནས་སྒྲུབ་ཏུ་ཡོད་པའི་དུས་འདིར། ལས་མི་དགེ་བ་ཐམས་ཅད་སྤང༌། དགེ་བ་ཐམས་ཅད་བསྒྲུབ། རྒྱུན་དུ་དྲན་པ་དང་ཤེས་བཞིན་བཟུང་ནས། བསམ་པ་དང་བྱ་བྱེད་ཐམས་ཅད་དགེ་བ་འབའ་ཞིག་ཏུ་བསྒྱུར་ཏེ། ལས་དང་ལམ་མ་ལོག་པ་གལ་ཆེ། ”{25}ཞེས་གསུངས་པ་དང༌། 《མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་སྔོན་འགྲོའི་ཚིགས་བཤད》ལས་ཀྱང༌། “བྱའོ་སྙམ་པའི་དགེ་བ་གླས་ལ་བོར། །ཐོབ་པར་དཀའ་བའི་མི་ཚེ་གཡེང་ལ་ཟད། །ད་རུང་ངེས་ཤེས་རྒྱུད་ལ་མ་སྐྱེས་པའི། །མདོ་མེད་ལེ་ལོ་མཁན་ཁྱོད་སྙིང་རེ་རྗེ། །”ཞེས་གདམས་པ་ལྟར་རོ། །
      མདོར་ན་འདིར་ཁོ་བོས་གཡུང་དྲུང་བོན་གྱི་དཔེ་ཆ་དག་ལ་གཞི་བཅོལ་ནས་གངས་ལྗོངས་ར་བའི་ཡུལ་གྱི་རང་སའི་ཆོས་ལུགས་ཏེ་གཤེན་རབ་པའི་སྲིད་པའི་ལྟ་ཚུལ་ལ་དཔྱད་ཁུལ་བྱས་ཀྱང༌། གཅིག་ནས་ཡོན་ཚད་ཞན་པ་དང་གཉིས་ནས་དཔྱད་གཞིའི་ཡིག་ཆར་ཚད་ཡོད་དབང་གིས་ཕྱོགས་ཐམས་ཅད་ནས་འཐུས་སྒོ་ཚང་བ་ཞིག་བརྗོད་མ་ཐུབ་པ་དང༌། བརྗོད་པ་དག་ཀྱང་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་གནས་སྲིད་ནའང་སོ་ཕག་ཕངས་ཏེ་གཡང་ཊི་འདྲེན་པའི་དཔེ་ལྟར་འདིའི་ཕྱོགས་ལ་མཁྱེན་རྒྱ་ཡངས་པ་དག་གི་སྤྲོ་བ་འདྲེན་ཕྱིར་ངལ་བ་ལ་ཞུགས་པ་དགོངས་དག་ཡོད་པ་ཞུ་ཞུ། 

            མཆན།
{1} {12} {14} {15} {16} {17} {21} དྲན་པ་ནམ་མཁས་བརྩམས་པའི《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》ཀན་སུའུ་མི་རིགས་དཔེ་སྐྲུནཁང༌། 2008.11

{2} དོན་འགྲུབ་དབང་འབུམ། 《བོད་ཀྱི་རིག་གནས་སྐོར་གླེང་བ》(རྒྱ་ཡིག)
{3} {5} {11} ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་མཛོད》 པེ་ཅིན་མི་རིགས་དཔེ་སྐྲུན་ཁང༌། 1987.9
{4} {6} {7} {9}དཔལ་ཚུལ། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 1988,11
{8}《བསྟན་འབྱུང་དར་རྒྱས་གསལ་སྒྲོན》
{10} ཁོད་སྤུངས་དྲན་པ་ནམ་མཁའ། 《ས་ལམ་དོན་གསལ་རིན་ཆེན་སྒྲོན་མ》ཤིང་དཔར།
{13} 《སའི་གོ་ལའི་ཚན་རིག་སྤྱི་བཤད》ཀྲུང་ཧྲན་སློབ་ཆེན་གྱི་སྤུས་ལེགས་བསླབ་ཚན།
{18} 《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ》(《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》P407ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང༌། 1994)
{19}{20} 《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་འཁོར་ལོ་བཞི་སྦྲག》ལས། ཤིང་དཔར།
{22}{24} {25}《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2000,11
{23}《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་ལྟ་བ་སྤྱི་གཅོད་ཀྱི་མཉམ་བཞག་སྒོམ་པའི་ལག་ལེན》 ཤིང་དཔར།

 
 
Re:༢༽གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་གླེང་བ།
[ 2011/5/20 15:13:13 | By: liam ]
 
liamརྒན་ལགས་ཕེབས་པར་སྙིང་ནས་དགའ་བསུ་ཞུའོ། །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.