གནའ་དཔེ་ཞིག་ལས་འཕྲོས་པའི་ཚན་རིག་གི་འོད་སྣང༌།
-----《སྲིད་པའི་མཛོད་ཕུགས》ལས་འཕྲོས་པའི་གཏམ་ཐོར་བུ།
གཡུང་དྲུང་བོན་ལ་གྲགས་པའི་སྲིད་པའི་ཆགས་རབས་དེ་ནི་དམངས་ཁྲོད་ན་བཤད་པའི་སྒྲུང་དང་གཏམ་རྒྱུད་ལྟར་དེད་ན་ཁུངས་མེད་པ་དང་དཔྱད་ན་རིག་པའི་རྐང་ཚུགས་མི་ཐུབ་པ། བརྟག་ན་འབེབས་སའི་གཞི་མེད་པ་ཞིག་མ་ཡིན་པར་དེ་ནི་གཞུང་ལུགས་ཀྱི་ཁུངས་ཡོད་པ་དང༌། དེང་སང་ཚན་རིག་གིས་བརྟག་ཅིང་དཔྱད་ནའང་རིན་ཐང་ཆེ་བ་དང་བླངས་པར་བྱ་བ་དང་བསམ་འོས་པའི་གནས་མང་དུ་ཡོད་པས་གཤམ་ནས་ངས་དེ་ཕྱོགས་ནས་མདོ་ཙམ་ཞིག་གླེང་ན། གཡུང་དྲུང་བོན་གྱི་སྲིད་པའི་ཆགས་རབས་དེའི་བཤད་ཚུལ་ཇི་འདྲ་ཡིན་པ་དང་དེའི་ཁུངས་གང་ཡིན་ཞེ་ན། དེ་ནི་གཙོ་བོ་གཡུང་དྲུང་བོན་གྱི་ལུགས་ལ་སྟོན་པ་གཤེན་རབ་ཀྱི་བཀའི་ནང་ཚན་མདོ་འབུམ་རྒྱུད་མཛོད་བཞི་ཡོད་པ་ལས་མདོ་སྡེ་ལས་སྲིད་པའི་མཛོད་ཕུགས་ཞེས་པ་ལས་གདུལ་བྱ་སྣོད་བཅུད་ཀྱི་ཆགས་ཚུལ་སྐོར་ཞིབ་རྒྱས་སུ་གསུངས་ཡོད་པ་དེ་དང༌། གཞན་ཡང་མདོ་དང་རྒྱུད་འབུམ་སོགས་ན་ཐེག་པ་མི་འདྲ་བའི་ཁམས་དང་བསྟུན་ནས་གསུང་འགའ་རེ་ཡོད་པ་དེ་རྣམས་ཡིན། དེ་ལ་འདིར་གཙོ་བོ་སྲིད་པའི་མཛོད་ཕུགས་ལ་གཞི་བཅོལ་ནས་སྤྲོས་ན། གཞུང་འདིའི་རྩོམ་མཁན་ནམ་གསུང་མཁན་ནི་སྟོན་པ་གཤེན་རབ་ཡིན་ལ། དེའི་རྩོམ་ལུས་ནི་ཚིགས་བཅད་ཡིན་ཞིང༌། དེར་ལེའུ་བཅུ་བདུན་ཡོད་པ་དང་ཚིག་རྐང་ལྔ་སྟོང་བརྒྱད་བརྒྱ་ལྷག་དང་ཤོ་ལོ་ཀ་ཆིག་སྟོང་བཞི་བརྒྱ་ལྔ་བཅུ་ལྷག་ཡོད་པ་དེའི་ཁྱད་ཆོས་གཙོ་བོ་ནི་ཞང་ཞུང་གི་སྐད་དང་བོད་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་བཀོད་ཡོད་པ་སྟེ། ཧ་ལམ་དུས་རབས་དྲུག་པའི་ནང་བྱོན་པའི་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་སེ་བོན་ཤ་རི་དབུ་ཆེན་གཉིས་ཀྱིས་ཞང་ཞུང་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། རྗེས་སུ་བླ་མ་གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པར་བཤད། དེ་ལ་ལོ་རྒྱུས་སྟེང་བོན་གྱི་མཁས་ཆེན་རྣམས་ཀྱིས་འགྲེལ་མང་དུ་བརྩམས་ཡོད་པ་ད་ལྟ་མིག་གིས་མཐོང་རྒྱུ་ཡོད་པ་ནི། དཔེར་ན་དུས་རབས་དྲུག་པ་ནང་ཙམ་དུ་བྱོན་པའི་སློབ་དཔོན་དྲན་པ་ནམ་མཁས་བརྩམས་པར་གྲགས་པའི་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་དང༌། དེའི་རྗེས་ནས་རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི་མཛོད་འགྲེལ། འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ལུང་མཚན་ཉིདསྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བརྩམས་པའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་དང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ་རྣམས་ཡོད། འདིར་ཡང་འགྲེལ་དེ་དག་ལ་བརྟེན་ནས་གླེང་བར་བྱའོ། །
1.གཞུང་གི་དགོངས་དོན་མདོར་བསྟན་པ།
སྟོན་པ་གཤེན་རབ་ཀྱིས《སྲིད་པའི་མཛོད་ཕུགས》{1}ལས་སྲིད་པ་དང་པོ་ཇི་ལྟར་ཆགས་པའི་ཐད་ལ་གསུང་ཚུལ་གསུམ་བྱུང་སྟེ། བྱེད་མཁན་མེད་པར་རང་བྱུང་དུ་སྲིད་པ་དང༌། བྱེད་པོའི་རྒྱུ་རྐྱེན་ལས་བྱུང་བ། རྒྱུ་མཐུན་འབྱུང་བ་ལས་བྱུང་བ་དང་གསུམ་སྟེ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་དེ་ལྟར་ཕྱེ་བའི་རྒྱུ་མཚན་ནི“དྲང་སྲོང་དབང་བོ་རབ་ཀྱིས་སྣོད་བཅུད་རྡུལ་ཕྲན་དང་སྐད་ཅིག་གི་རང་བཞིན་ལ་བྱེད་པ་མེད་པ་དང༌། འབྲིང་གིས་ལྷ་ཡེ་སྲེད་འཕྲུལ་གྱི་རྒྱལ་པོའི་ཐུགས་རྗེ་དང་སེམས་ཅན་གྱི་ལས་ལ་གྲུབ་པར་ལྟ་ལ། དགེ་བསྙེན་པས་རྒྱུ་རྐྱེན་ལས་གྲུབ་པར་ལྟ་བས་རིམ་པ་བཞིན་ཕྱེ་ལ། ”གཞན་ཡང“ཕྱི་རོལ་པས་སྣོད་བཅུད་ཕྱ་དང་དབང་ཕྱུག་གིས་བྱས་པ་དང་བྱས་པ་མེད་པར་རྟག་པ་དང་ལས་འབྲས་ལས་སོགས་མེད་པར་འདོད་པ་བཟློག་པའི་ཕྱིར་གསུམ་དུ་རིམ་པ་བཞིན་ཕྱེའོ”{2}གསུངས་པ་དེ་མདོར་བསྡུས་ན། གཤེན་རབ་ཀྱིས་དུས་སྐབས་དེའི་སེམས་ཅན་གྱི་ཁམས་དང་དབང་བོ་རབ་འབྲིང་ཐ་གསུམ་ལ་བསྟུན་པའམ། དྲང་དོན་དང་ངེས་དོན། དགོངས་པ་དང་ལྡེམ་དགོངས་སོགས་ཀྱི་དབང་གིས་དོན་གཅིག་ལ་བཤད་སྟངས་རྣམ་པ་གསུམ་དུ་བྱུང་བ་ཡིན་ནོ། །
དང་པོ་རང་བྱུང་དུ་སྲིད་པ་ལ། «སྲིད་པའི་མཛོད་ཕུགས»ལས། “ཉ་ཞི་ལོ་སྔ་ལིག་ཞི་ན། །༼ཞང་ཞུང་སྐད༽གནའ་སྟེ་སྲིད་པའི་དང་པོ་ལ། །ཞམ་ཟུ་ལིག་རྒྱལ་ལིག་ཟུར་ཅི། །༼ཞང་ཞུང་སྐད༽རང་བཞིན་ཡེ་སྲིད་སྲིད་པ་ནི། །”ཞེས་པ་ནས། ༼གཤམ་ནས་ཞང་སྐད་རྣམས་ཡི་གེ་མང་བར་འཇིགས་ནས་བསྐུངས་ཡོད། ༽“གངས་རི་ནགས་ཚལ་གཡའ་བྲག་མཐོ། །གླིང་དང་ལམ་དང་གནས་ནི་དགུ། །ས་གནས་རིམ་གྱི་རང་བཞིན་སྲིད། །”ཞེས་པ་ནས། “པད་མའི་འཇམ་དང་ཚེར་མའི་དབལ། །སྣང་སྲིད་རྩེ་ལ་ཁྱུང་ཆེན་འཕྱོ། །”ཞེས་པའི་བར་དུ་ཆེ་ཕྱོགས་ནས་ཉི་ཟླ་གཟའ་སྐར་སོགས་འཇིག་རྟེན་གྱི་ཁམས་ཆེན་པོའི་གྲུབ་སྟངས་དང་ཆུང་ཕྱོགས་ནས་བྱེ་བྲག་དཔེར་ན་པདྨའི་རེག་བྱ་འཇམ་པ་དང་ཚེར་མ་རྣོ་བ་ལ་སོགས་དངོས་པོའི་ཁྱད་ཆོས་སོགས་ཐམས་ཅད“བྱེད་པ་མེད་དེ་རང་བཞིན་སྲིད”ཅེས་ཚིག་གཅིག་གིས་མདོར་བསྡུས་པ་དེ་ལ་བོན་གྱི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས“ཕྱི་ནང་གི་སྲིད་པ་རྣམས་སྟོང་ཉིད་ཀྱི་རང་བཞིན་དུ་གནས་པ་ལ་སོགས་བོན་ཅན། རང་བཞིན་ཡེ་སྲིད་ཀྱི་སྲིད་པ་ཡིན་ཏེ། བྱེད་མཁན་གྱི་རྩོལ་བ་ལ་མི་ལྟོས་པའི་སྲིད་པ་ཡིན་པས་སོ། །ཕྱྭ་དང་དབང་ཕྱུག་ལ་སོགས་ཀྱིས་བྱས་པ་ཡང་དེས་ཁེགས་སོ། །”{3}ཞེས་མདོ་བསྡུ་མཛད་འདུག་པ་དང༌། གཉིས་པ་བྱེད་པོས་བྱས་པའི་སྐབས་སུ། «སྲིད་པའི་མཛོད་ཕུགས»སུ། “གནའ་སྟེ་མ་ལ་དང་པོ་ལ། །བྱེད་པས་བྱས་པའི་སྲིད་པ་ནི། །མངོན་རྫོགས་ལྷ་ཡི་རྫུ་འཕྲུལ་ལས། །ཞལ་ངད་རླུང་དང་སྤྲིན་ཏིང་ཡོལ། །དྲོད་ལས་མེ་ཡི་འཁོར་ལོར་སྤྲུལ། །ཚ་གྲང་ཆུ་ཡི་འཁོར་ལོ་བརྩེགས། །ཐེག་ཆེན་གསེར་གྱི་ས་གཞི་བདེ”ཞེས་སོགས་ཀྱི་ཚིག་བྱུང་བ་དེར་སློབ་དཔོན་དྲན་པ་ནམ་མཁས་འདི་ལྟར་འགྲེལ་ཏེ། “མངོན་རྫོགས་ཞལ་གྱི་ངད་པ་ལས། ཞེས་པ་ལ་སོགས་པས་སྟོན་ཏེ། ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ཁྲི་ཁུག་གིས། རྒྱུ་ལྔ་སྐུ་ལ་བསྡུས་ཏེ། ཞལ་གྱི་ངད་པ་ཧ་བྱས་པས། རླུང་ཚན་ཏིང་མི་གཏོང་འཛིན་པའི་རང་བཞིན་ཅན་དང༌། ནན་ཏིང་མི་བྱིང་འདེགས་པའི་དངོས་པོ་ཅན་དང༌། སྤྲིན་ནི་དྲོད་ཀྱི་ཡོལ་བ་བ་དན་ཅན་དང་བཞི་ནི། མངོན་རྫོགས་ཀྱི་རྫུ་འཕྲུལ་དང་སེམས་ཅན་གྱི་ལས་དབང་དུ་ཆགས་སོ། །རླུང་ལས་འོད་ཀྱི་འཁོར་ལོ་དྲག་ཏུ་སྐོར་བའི་ཤུགས་ལས་ཚ་བ་མེ་རུ་སྲིད་དོ། །འདེགས་པའི་རླུང་གི་གྲངས་སྔབས་དང༌། ཚ་བ་མེའི་དཔལ་དྲོད་ལས། ཆུ་ཟིལ་དང་ཕྲོམ་དུ་ཆགས་སོ། །དེ་ལ་རྡུལ་ཕྲ་རབ་ཏུ་ཆགས་ཏེ། མཁའ་ལ་རྒྱུ་བའི་རླུང་གིས་བསྲུབས་པས། རླུང་དང་རི་རབ་ཀྱི་བར་དུ་བརྩེགས་ཏེ་ཆགས་སོ། །”ཞེས་དང༌། ཡང“དེ་ལ་དེ་ལྟར་རླུང་གི་གཞི་མ་འོག་རྡོ་རྗེ་བརྟན་པ་ཞེས་བྱ་བ། འོག་ཁ་དོག་ནག་པོ། དབྱིབས་སྲུབ་མ་བསྐོར་བའམ། སྐོར་བུ་བསྐྱིལ་བ་འདྲ་བ། སྟེང་རིན་པོ་ཆེ་ཐོན་ལྗང་དུ་གནས་པ། འོག་རྡོ་རྗེ་སྲུབས་ཤིང་གི་སྣ་བཞི་ལ། འདེགས་པའི་བ་དན་བཞི་ཡོད་པ། བ་དན་བཞིའི་བར་བར་ན། མི་གཏོང་འཛིན་པའི་རླུང༌། འོད་ཟེར་གྱི་དྲྭ་བ་ཅན། གཞུ་འོད་མ་ལྟ་བུ། འབུར་ཕྱིར་བསྟན་ནས་ལས་དང་ཐུགས་རྗེས་འཇིག་རྟེན་གྱི་གཞི་མར་ཆགས་སོ། །ས་ཡ་དྲུག་འབུམ་གྲངས་མེད་དོ་ཞེས་པ། རླུང་དེའི་རྒྱ་གྲམ་འཁོར་བའི་སྙིང་པོ་ལ། ཕན་ཚུན་ཕྱོགས་མཚམས་བརྒྱད་དུ། དཔག་ཚད་ས་ཡ་ས་ཡ་ཡོད་དོ། ཡན་མན་དུ་དཔག་ཚད་འབུམ་ཚོ་དྲུག་ཡོད་དོ། །སྙིང་པོའི་མཐའ་སྐོར་ལ་ས་ཡ་ཕྲག་གསུམ་དུ་ཅུང་མ་ལོངས་པ་ཞིག་ཡོད་དོ། །ཐ་མའི་རླུང་དྲྭ་བ་ཅན་དང་བ་དན་ལ་གྲངས་མེད་དེ། ས་ཡ་ལས་ཀྱང་འདས་སོ། དུང་ཕྱུར་ལས་ཀྱང་འདས་སོ། ཁྲག་ཁྲིག་ལས་ཀྱང་འདས་སོ། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་ལས་ཞེས་པ། གོང་གི་རླུང་དེ་རབ་ཏུ་ལས་དབང་ཆེན་གྱི་རླུང་གིས་རབ་ཏུ་བསྐོར་བའི་ཤུགས་ལས། དམར་ལྗི་བ་ཙམ་ལས་བསྐྱེད་པ་རླུང་གི་སྟེང་དུ། ལེབ་རྒན་གྱི་པད་མ་དམར་པོ་ཞིག་ཚ་ཞིང་སྲེག་པར་ཆགས་ཏེ། འབུམ་ཚོ་གཅིག་རླུང་གི་རྔམས་ལ་མར་ཁྱབ་པས། འདེགས་བྱེད་དྲོད་འབེབས་ཀྱི་མེ་ཞེས་བྱ། འབུམ་ཕྲག་གཉིས་ཆུའི་རུ་མ་ལ་ཡར་ཁྱབ་པས། སྨིན་པ་རླན་བྱེད་ཆུའི་མེ་ཞེས་སྟེ། ཆུ་རླུང་གཉིས་སྨིན་པར་བྱེད་པ་མེ་ཡིན་ནོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་ཞེས་པ། དེ་ལྟར་གྲང་བ་རླུང་གི་ངད་པ་དང་ཚ་བ་མེའི་དྲོད་དང༌། སྔོ་ཁབ་རྩེཡི་རྒྱུ་ལས་མཐིང་ཆུའི་འཁོར་ལོ་རུ་ཆགས་སོ། །དེ་ཡན་མན་གྱི་རྔམས་ལ། དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་དོ། །ཕྱིས་ན་རྔམས་སུ་འབུམ་ཕྲག་བརྒྱད་ཅེས་པ། རླུང་གིས་མེ་ཡི་མདངས་ཕྱུང༌། མེ་འོད་དང་ཆུ་མདངས་ཀྱིས་གོ་བསལ་འབྱེད་པའི་ནམ་མཁར་བྱུང་ངོ༌། །ནམ་མཁའ་དེ་ལ་སྤྲིན་ཡོལ་བ་ཅན་དུ་ཆགས་སོ། །སྤྲིན་དེ་ལ་ཡོད་པའི་རྒྱུ་གསེར་གྱི་རྡུལ་ཕྲ་རབ། སེར་སྲོ་མ་ཙམ་ཡོད་དོ། །དེ་ལྟར་མེ་ཡིས་ཆུ་སྲོས། ཆུ་ལས་རླངས་བྱུང་བས་མཁའ་ལ་སྤྲིན་འདུས་པས། སྤྲིན་ལས་ཆར་བྱུང༌། ཆར་ལས་ཆུ་བྱུང༌། དེ་ལས་རྡུལ་སྙིགས་པས། གསེར་གྱི་ས་གཞི་ཆགས། དེ་ཡང་འོག་ཏུ་ས་ཆགས། འཁོར་དུ་ཆུ་ཆགས་པས་ཕྱིའི་རྒྱ་མཚོ་ཞེས་བྱའོ། །”{4}
གསུམ་པ་རྒྱུ་མཐུན་འབྱུང་བ་ལས་བྱུང་ཚུལ་ནི«མཛོད་ཕུགས»སུ། “རྒྱུ་མཐུན་འབྱུང་བའི་སྲིད་པ་ནི། །རྒྱུ་བཞི་རྐྱེན་དང་ལྔ་ལས་བྱུང༌། །གཅིག་མ་ཚང་བས་འབྱུང་བ་མེད། །”ཞེས་པ་ནས“དེ་བཞིན་གཅིག་གིས་གཅིག་བསྐྱེད་དོ། །”ཞེས་པའི་ཚིག་སོགས་ཀྱིས་བསྟན་ཏེ། དེ་དག་གི་འགྲེལ་བར་སློབ་དཔོན་དྲན་པས། “ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད། སྐྱེ་རྒྱུ་མཐུན་པ་ཁོ་ན་ལས་བྱུང་ཞིང་མི་མཐུན་ན་ལྡོག་པ་སྟེ། རྒྱུ་བཞི་རྐྱེན་དང་ལྔ་ལས་བྱུང་ཞེས་པ། ཕྱི་མེ་ཆུ་ས་རླུང་བཞི། ནང་ཤ་ཁྲག་དྲོད་དབུགས་བཞི་སྟེ། དེ་ཡང་རླུང་དབུགས་ཀྱིས་ལམ་སོལ། དྲོད་མེ་ཡིས་མ་སྨིན་པ་སྨིན་པར་བྱེད། ཁྲག་ཆུ་ཡིས་བག་ལ་བསྡུད་ཅིང༌། ཡན་ཏུ་མི་སྟེར། སས་ཤའི་གཞི་རྟེན་བྱེད་པའོ། རྐྱེན་ཞེས་པ་བྱེད་པའི་སྐྱེས་བུ་ཡིས་རྒྱུ་ལས་འབྲས་བུ་སྐྱེད་པར་བྱེད་པའོ། །གཅིག་མ་ཚང་བས་འབྱུང་བ་མེད་ཅེས་པ། རྒྱུ་རྐྱེན་ལྔའི་གང་རུང་ཞིག་མེད་ན། འབྲས་བུ་མི་འབྱུང་བའོ། །”{5}ཞེས་དངོས་པོ་གང་ཡང་རུང་བ་ཐམས་ཅད“ཞིང་དང་ས་བོན་ཆུ་གསུམ་ལྟར”{6}གཅིག་ལ་གཅིག་རྟེན་ཅིང་འབྲེལ་ཏེ་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན། དེའི་སྟེང་གནས་སྐབས་སམ་དུས་སོགས་ལྷན་དུ་འཛོམས་ནས“གཅིག་གིས་གཅིག་བསྐྱེད་དོ། །”
རྩོམ་ཡིག་ཆ་ཚང་བར་གཟིགས་འདོད་ན་ཁ་བྱང་འདིར་གནོན་རོགས།
http://www.himalayabon.com/article/research/thesis/20111102670.html