ཨྰོྃ་སྭ་སྟི།།
༧མཆོག་གསུམ་སྐྱབས་གནས་བསླུ་མེད་བྱིན་རླབས་དང་།།
དུས་གསུམ་རྣམ་དཀར་བསགས་པའི་ནུས་སྟོབས་ཀྱིས།།
ཐེག་གསུམ་བསྟན་པའི་སྙིང་པོ་གཡུང་དྲུང་བོན།།
སྲིད་གསུམ་འགྲོ་བའི་གཙུག་ན་འབར་གྱུར་ཅིག།།
༧ཁྱད་པར་སྙིགས་དུས་ལྷ་མིའི་མཆོད་སྡོང་ཆེ།།
གཡུང་དྲུང་རབ་བརྟན་དཔག་བསམ་ཡོངས་འདུའི་ལྗོན།།
བསླབ་གསུམ་འདུས་སྡེའི་ཡལ་འདབ་རབ་རྒྱས་ཤིང་།།
བཤད་སྒྲུབ་བསྟན་པའི་འདབ་སྟོང་བཞད་འགྱུར་ཅིག།།
༧དེ་འཛིན་སྐྱེས་བུ་འཆི་མེད་དབང་པོ་གང་།།
ཞབས་པད་གཡུང་དྲུང་ཁྲི་ལ་རྟག་བརྟན་ནས།།
བསྟན་འགྲོའི་ཕན་བདེ་འཕྲིན་ལས་རྩེ་བརྒྱ་པ།།
ས་གསུམ་ལུས་ཅན་དཔལ་དུ་འཛིན་གྱུར་ཅིག།།
༧ཐོས་བརྩོན་བློ་གསལ་འདུས་པའི་གྲྭ་སློབ་རྣམས།།
སྨྲ་བའི་སེང་གེའི་བྱིན་རླབས་སྙིང་དབུས་ཞུགས།།
ཐེག་ཆེན་རིག་སད་བློ་གྲོས་སྤོབ་པ་རྒྱས།།
གཞུང་ལུགས་ཀུན་རྟོགས་རྣམ་མཁྱེན་གཡུར་ཟ་ཤོག།།
༧དེ་ལ་བརྟེན་ནས་མངའ་རིས་ཞིང་ས་རུ།།
དགེ་ལེགས་འབུམ་གྱི་གྲུ་ཆར་རྒྱུན་དབབ་ནས།།
མི་མཐུན་རྒུད་པའི་ཐལ་བ་ཡོངས་རླན་ཞིང་།།
བསྐལ་བཟང་རྫོགས་ལྡན་སྙེ་མ་འཁྲུངས་པར་ཤོག།།
༧སྤ་ཚང་འབྲུག་རིན་པོ་ཆེ་ནས་སྦྱར་བ་དགེའོ།།