སྐྱེ་མེད་སྤྲོས་བྲལ་བོན་སྐུའི་ཀློང་ཡངས་ནས།
འགག་མེད་རང་ཤར་ལྷུན་གྲུབ་ལོངས་སྤྱོད་རྫོགས།
གཉིས་མེད་འགྲོ་འདུལ་རིག་འཛིན་རྒྱ་མཚོར་འདུད།
མ་བཅོས་བློ་འདས་རང་བྱུང་སེམས་ཀྱི་ངོས།
འཁོར་འདས་སྣང་ཆ་འོད་གསལ་སྟོང་གཟུགས་ཤར།
མ་འགག་དྲན་རིག་ཤར་གྲོལ་གཉུག་མའི་ངང་།
གནས་ཀྱི་དཀར་ཆག་རིན་ཆེན་ཕྲེང་བ་འདི།
མ་འོངས་འགྲོ་བའི་དོན་དུ་ཡི་གེར་བཀོད།
ཌ་ཀི་མཁའ་འགྲོ་རྒྱ་མཚོའི་ཤིས་པ་སྩོལ།
རྣམ་འདྲེན་དམུ་རྒྱལ་སྲས་མཆོག་གཤེན་རབ་ཀྱིས།
བརྒྱད་ཁྲི་བཞི་སྟོང་ཐེག་པ་རིམ་དགུའི་བོན།
བཀའ་འཁོར་གསུམ་གྱིས་བསྟན་པ་རྗེས་བཞག་མཛད།
བོད་ཡུལ་མདོ་སྨད་བར་གསུམ་ཞབས་ཀྱིས་བཅག།
ལྷ་གཤེན་སྲིད་པའི་ཐུགས་རྗེའི་སྨོན་ལམ་མཐུས།
ཡི་དམ་ལྷ་མཆོག་རྫུ་འཕྲུལ་དངོས་བཞེངས་པའི།
དྲེགས་ཚོགས་དམ་བཏགས་གནས་རི་གནས་མཚོ་སོགས།
ངོ་མཚར་གྲངས་མེད་རྒྱུན་གཏན་འདུལ་བྱེད་ཞིང་།
ལྷ་མི་གཤེན་གྱི་བོན་བསྟན་དབུ་འཕང་བསྟོད།
ཁྱད་པར་རྩོད་ལྡན་ལྔ་བརྒྱའི་ཐ་མ་འདིར།
འགྲོ་འདྲེན་ཞལ་བཞེས་བླ་ཆེན་ཡབ་སྲས་ཀྱིས།
སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་སོགས།
བྱིན་བརླབས་གཏེར་གནས་ལྔ་བརྒྱའི་གྲངས་སུ་གསུངས།
ལྷག་ཏུ་སྲས་མཆོག་ཚེ་དབང་རིག་འཛིན་གྱིས།
གནས་བརྒྱད་དུར་ཁྲོད་གྲུབ་པའི་ཚད་བཟུང་དུས།
འཕྲིན་ལས་གནས་ཆེན་རྫོང་དཀར་བྱ་རྒོད་རི།
ཕྱི་ལྟར་དབྱིབས་ནི་ཁྱུང་ཆེན་གཤོག་རྒྱས་འདྲ།
ནང་ལྟར་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་ཞིང་།
གསང་བ་འཕྲིན་ལས་ཟབ་གཏེར་སྦས་པའི་གནས།
ཡང་གསང་བསྙེན་སྒྲུབ་དྲོད་ཚད་མྱུར་བའི་ས།
ཤར་ཕྱོགས་ཕ་བོང་མ་ཡིག་རང་བྱུང་ལ།
ཟབ་གཏེར་བརྒྱ་རྩའི་ལྡེ་མིག་ཤོག་སེར་དང་།
སྲིན་པོ་བསྒྲལ་བའི་དབལ་ཕུར་གཏེར་དུ་ཡོད།
བྱང་ཕྱོགས་ནོར་བུ་འབར་འདྲའི་བྲག་ངོས་སུ།
ཨ་ཨྰོྃ་ཧྰུྃ་དུ་ཌ་ཀི་གསང་མཚར་སོགས།
ངོ་མཚར་མཐོང་གྲོལ་འབྲེལ་ཚད་འདྲེན་པ་ཡོད།
ནུབ་ཕྱོགས་བྲག་རི་ཕག་གི་ཟེ་འདྲ་ལ།
བླ་ཆེན་ཡབ་སྲས་གསུམ་གྱི་ཞབས་རྗེས་དང་།
མཁའ་འགྲོའི་ཚོགས་གཞོང་ཐོད་ཞལ་རང་གྲུབ་ཡོད།
ལྷོ་ཕྱོགས་རི་ལ་བཀྲ་ཤིས་རྫས་བརྒྱད་དང་།
མཁའ་འགྲོའི་བྲོ་རྭ་རབ་འཇིག་དུར་ཁྲོད་གནས།
ཐོད་པ་འབུར་ཆོག་ཐར་པ་གྲུབ་པ་ཡོད།
ལྷོ་ནུབ་དབལ་བྲག་ཕུར་པའི་དབྱིབས་ཅན་ལ།
འཕྲིན་ལས་ཟབ་གཏེར་བཅུ་གསུམ་གྲངས་ཅན་དང་།
འཕྲུལ་ཡིག་སུམ་ཅུ་མ་འདྲེས་རང་བྱུང་ཡོད།
ལྷོ་ཤར་བྲག་བར་ཤེལ་གྱི་མཐོང་ཁུང་ནས།
སྣ་ཚོགས་དག་སྣང་ཞིང་ཁམས་མཇལ་ཆོག་ཡོད།
བྱང་ཤར་ཕ་བོང་མེ་རིས་དོད་པའི་ཞབས།
དམྱལ་བའི་སྒོ་གཅོད་དུས་བཟང་བདུད་རྩི་འབབ།
བྱང་ནུབ་དབལ་རོང་འདྲ་བའི་དྲག་པོའི་གནས།
དབལ་ཕུར་འབྲུག་སྲས་ཁྲོ་བཅུ་རང་བྱུང་དང་། གཤིན་རྗེ་བཀའ་སྲུང་སྲིན་པོའི་གཡང་གཞི་ཡོད།
གཞན་ཡང་ཟབ་གཏེར་གསང་གཏེར་གྲངས་ལས་འདས།
ཁྱད་པར་ཚེ་དབང་ཆེན་པོའི་ཞལ་ནས་ཀྱང་།
བདག་འདྲ་ཚེ་དབང་རིག་འཛིན་ཆེན་པོ་ཡིས།
འཕྲིན་ལས་བྱིན་བརླབས་ལྔ་བརྒྱའི་འགྲོ་འདུལ་གནས།
དུས་ཀྱི་ཐ་མ་དགོན་པའི་འདུས་སྡེ་ཆགས།
ང་ཡི་བྱིན་བརླབས་ཨ་ཡི་མིང་ཅན་འབྱུང་།
དེ་དུས་གསང་འདུས་དངོས་བྱོན་དཔའ་བོ་ཡིས།
གསང་བའི་གཏེར་ཁ་རྣམ་གསུམ་ཞལ་ཕྱེས་ཏེ།
མཐའ་དམག་དུས་འཁྲུག་རྩོད་པ་མ་ལུས་ཟློག།
སངས་རྒྱས་བོན་བསྟན་འཕྲིན་ལས་རྒྱས་པར་འགྱུར།
གནས་འདིར་སྒོམ་སྒྲུབ་འདུས་སྡེ་རྒྱུན་མི་ཆད།
དེ་དུས་དཀར་ཆག་ལུང་གི་འཕྲིན་འདི་བཞག།
དམ་ལྡན་ཐུགས་སྲས་བུ་ཡིས་བཀའ་རྒྱ་ཁྲོལ།
གནས་འདིར་སྐོར་ཚད་ཉེར་ལྔས་ས་བཅུ་འཐོབ།
སྐོར་བརྒྱ་ཙམ་གྱིས་མངོན་པ ར་རྫོགས་སངས་རྒྱས།
དུས་བཟང་རྣམས་ལ་བརྒྱ་སྟོང་ཁྲི་འབུམ་འགྱུར།
འོན་ཀྱང་སེམས་བསྐྱེད་ཡང་དག་གཙོ་ཆེའོ།
ལྔ་བརྒྱ་འདྲེན་བྱེད་དྲན་པ་ཡབ་སྲས་ཀྱིས།
འགྲོ་འདུལ་འཕྲིན་ལསས་གནས་མཆོག་ཁྱད་པར་འཕགས།
མ་འོངས་དུས་མཐའི་སེམས་ཅན་ཐམས་ཅད་ཀྱིས།
ཕྱག་སྐོར་མཆོད་འབུལ་སྒྲིབ་སྦྱང་ཚོགས་གཉིས་རྫོགས།
མཐར་ཐུག་འཁོར་བ་དོང་སྤྲུག་མངོན་སངས་རྒྱས།།༧ཅེས་རྫོང་དཀར་རི་ཁྲོད་ཀྱི་གཡུང་དྲུང་སེམས་མ་རྣམས་ཀྱིས་བསྐུལ་ངོར་ཞིག་པོའི་གདུང་གྲོལ་དུས་མཐའི་སྔགས་འཆང་བ་ཀུན་བཟང་བསྟན་འཛིན་ནམ་རིག་འཛིན་མཁའ་འགྲོའི་གསང་མཚན་ནམ་མཁའ་རང་གྲོལ་རྩལ་གྱིས་ཌ་ཀི་མཁའ་འགྲོའི་ལུང་བསྟན་བཞིན་བཅོས་ལྷད་མེད་པར་བྲིས་པའོ།།