བོད་ཀྱི་ཤེས་རིག་མཐའ་དག་གི་བྱུང་ཁུངས་ཞང་བོནད་ལས་འཕྲོས་པའི་གཏམ་གླེང་ཐོར་བུ།
གླིང་སྨན་གཡུང་དྲུང་བཀྲ་ཤིས་དེས།
རང་རེ་བོད་གངས་ཅན་ལྗོངས་ནི་འཛམ་བུ་གླིང་པའི་ཁྲོད་ནས་ས་མཐོ་ཡུལ་གཙང་ཞང་བོད་ཤེས་རིག་ཀུན་གྱི་མ་མ་གཡུང་དྲུང་བོན་བསྟན་རིན་པོ་ཆེ་རྒྱས་སའི་ཡུལ་ལྗོངས་ངོ་མཚར་རབ་ཏུ་འབར་བ་ཞིག་ཡིན་ལ་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཕལ་ཆེའི་ཆུ་བོ་ཀུན་གྱི་འགོ་མོ་འདི་ནས་འབབ་ལ་ཤེས་རིག་ཕལ་གྱི་རྩ་ལག་འདི་ནས་ཕྱོགས་ཀུན་ཏུ་རྒྱས་མྱོང་། །
སྔར་གཉའ་ཁྲི་བོད་ཀྱི་རྗེ་རུ་ཕེབས་སྐབས་རྒྱལ་ཁམས་འདིའི་ཁྱད་ཆོས་འདི་ལྟར་ཡོད་པར་གསུངས་ཏེ། གནམ་གྱི་ནི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་ནི་འགོ་བོ། རི་མཐོ་ས་གཙང་བ། ཡུལ་བཟང་། མྱི་མཛངས་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས་སུ། ཚུལ་གྱིས་བདམས་སྟེ་གཤེགས་སོ། ཞེས་དང་། ཁོང་ལ་དོགས་པ་དྲུག་ཡོད་པའི་ལན་དུ། བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། དུག་ལ་སྨན་ཡོད། གཡག་ལ་མཚོན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད། ཞེས་ལན་བཏབ་པར་མཛད་ཅིང་། བཀའ་ཡི་དྲི་བ་ཇི་ཙམ་གནང་ཡང་རེ་རེ་བཞིན་ལན་ཐོགས་པ་མེད་པར་བསྐྱོན་ཐུབ་པའི་བོན་ཤེས་པ་ཅན་བཅུ་གཉིས་ཡོད་པ་དང་། སྐབས་དེ་དུས་དྲི་བ་དྲིས་ལན་མ་བྱུང་བའི་དོན་དག་གང་ཡིན་ཚང་མ་ཆ་ལག་ཚང་མུས་ཡོད་པའང་དྲི་བ་དྲུག་བཏོན་པས་ལན་དྲུག་ཆད་ལུས་མེད་པར་བསྐྱོན་ཐུབ་པ་དེ་ལས་ངམ་ཤུགས་ཀྱིས་རྟོགས་ཐུབ་ལ་ཆོས་བཟང་དུ་བྱེད་ཞེས་པའི་དོན་དེ་གཡུང་དྲུང་བོན་མཆོག་རིན་པོ་ཆེ་འདི་ལ་གོ་དགོས་པ་མ་གཏོགས་སྐབས་དེ་དུས་ལུགས་གཞན་པའི་ཆོས་བྱེད་པ་ཡུལ་འདིར་མེད་པས་སོ། ། ཞང་བོད་ཁམས་ཀྱི་མི་རྣམས་ཀྱིས་གནས་སོགས་སྐོར་བ་བྱེད་པ་འདིའང་ཐོག་མའི་སྐབས་ནས་གཡས་སྐོར་(བོན་སྐོར་)དང་གཡོན་སྐོར་(བན་སྐོར་)གྱི་ཁྱད་པར་དེ་ཙམ་མི་འབྱེད་པར་ལུས་ཀྱི་སྒྲིབ་པ་བྱང་ཐབས་དང་གཟུགས་གཞི་ཐང་དུ་གཏོང་བ་སོགས་ལ་དམིགས་ཡོད་ནའང་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་བྱོན་ནས་འགྲོ་བ་རྣམས་ལ་བོན་གྱི་འཁོར་ལོ་སྐོར་སྐབས་སྲིད་པ་ཐམས་ཅད་གཡས་སྐོར་(བོན་སྐོར་)གྱི་ཚུལ་དུ་ཡོད་པས་ན་ངས་འདི་ལྟར་རྟེན་འབྲེལ་དབང་གིས་བཞག་གོ་གསུངས་པའི་ལུང་རིག་བཙན་པོ་ཡོད་པ་མ་ཟད། དོན་དངོས་སུ་གཡུང་དྲུང་བོན་འཁོར་དང་གཡུང་དྲུང་བོན་འཁོར་གྱི་རི་མོ་འདིས་སྲིད་པའི་གོ་ལ་དང་ཉི་ཟླ་གཟའ་སྐར་འཁོར་བཞིན་པའི་རང་བཞིན་སྲིད་པའི་འཁོར་འགྲོས་མཐའ་དག་བོན་འཁོར་གྱི་ཚུལ་དུ་ཡོད་པས་གཡུང་དྲུང་བོན་འཁོར་འདི་རང་བྱུང་གོ་ལའི་འཁོར་འགྲོས་དང་ཤེས་བྱའི་གནས་ལུགས་འཇིག་རྟེན་གྱི་གནས་ལུགས་ཀུན་དང་མཐུན་པ་ཞིག་ཡིན་པས་དེ་ནི་རང་རེའི་གཟི་བརྗིད་ཀྱི་མཚོན་རྟགས་ཆེན་མོ་ཞིག་ཡིན་པས་དེ་ལ་ནམ་ཡང་ཕྱི་སྐོར་ཞེས་དམའ་འབེབས་ཀྱི་ལག་ཆར་བརྩི་མི་རུང་བར་སེམས། ཡང་ཅིག་ཞུས་ན་མཁས་གྲུབ་ཆེན་མོ་ཁྱུང་སྤྲུལ་རིན་པོ་ཆེ་ནས་ཕྱི་ནང་གི་སྐོར་བའི་དབྱེ་བ་འབྱེད་སྐབས། ཕྱི་ས་མཐའ་སྐོར་བ་ཕྱི་སྐོར་དང་། ནང་སེམས་མཐའ་སྐོར་བ་ནང་སྐོར་ཡིན། ཞེས་སུ་གསུངས་པའི་ཟབ་གདམས་འདི་ཉིད་ཐུགས་ཀྱི་དཔལ་བེའུ་རུ་འཇགས་ནས་ཕྱི་ནང་གི་སྐོར་བའི་ཐད་ལ་གོ་ལོག་མ་ཐེབས་པ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་སྙམ། ཡིན་ནའང་འཕེལ་འགྲིབ་དང་དར་རྒུད་ནི་ཀུན་ལ་ཡོང་སྲིད་པས་ད་ཆ་མངའ་རིས་སུ་ཞང་ཞུང་གི་སྐོར་གླེང་ས་མང་པོ་མེད་ལ་བོན་གྱི་སྐོར་ལ་དེ་བས་ཆ་མེད་རྒྱུས་མེད་ཡིན་ཟེར། སྔར་བོན་ཁམས་སུ་གྲགས་པའི་ཡུལ་གྲུ་མང་པོར་བོན་ཞེས་པའི་ཐ་སྙད་གོ་འདོད་མི་བྱེད་ལ་ཞང་ཞུང་ཞེས་པའི་ས་ཁམས་ནི་མི་རྙེད་མདོག་བྱེད། འཛམ་གླིང་མི་རིགས་མང་པོས་རང་གི་མེས་པོ་ལྷ་རུ་བརྩིས་ནས་མཆོད་ཅིང་བཀུར་ནའང་། རང་རེས་དམའ་འབེབས་པའི་ཐབས་ཤེས་ཁོ་ན་འཚོལ། ཁ་དཔེར་ཕ་ཙན་དན་སྡོང་པོ། བུ་ཆུ་ཤིང་འོམ་བུ། ཞེས་སུ་གྲགས་ཀྱང་དོན་དག་འདི་ལ་ཐུག་དུས་ཕ་ཆུ་ཤིང་འོམ་བུ། བུ་ཙན་དན་སྡོང་པོའི་ཚུལ་དུ་ལོག་རྟོགས་ཅན་དུ་མས་སྨྲ། །བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་འབོད་པ་ནི་སྔ་དར་གཡུང་དྲུང་བོན་དང་ཕྱིས་དར་དམ་པའི་ཆོས་གཉིས་ཀའི་འདུལ་ཞིང་ཡིན་པ་དང་། ལྷག་པར་བོད་ལས་བོན་ཞེས་ཐོག་མར་གཡུང་དྲུང་བོན་གྱི་འདུལ་ཞིང་འཁྲུལ་བ་མེད་པ་དེ་ཡིན་ནའང་ཕྱིས་ཕྱོགས་རིས་མིག་སེར་དག་གིས་སྐྱོན་ཐ་དག་བོད་ཀྱི་ནང་ཆོས་བོན་ལུགས་ལས་འཕྲོས་ཚུལ་དང་། ཡོན་ཏན་ཐ་དག་རྒྱ་གར་ནང་ཆོས་བན་དེ་ལས་འཕྲོས་ཚུལ་སྨྲ། མ་ཚད་བོན་འདི་ནི་ནང་པ་མ་ཡིན་པར་ཕྱི་པ་ཡིན་པའི་གཏན་ཚིགས་ཡང་དག་འཇོག་ཏུ་མེད་ཀྱང་ལོག་ལྟའི་འཁྱོགས་བཤད་རིས་མལ་རིས་རྒྱུག་དོན་དངོས་དང་འགལ་བ་མང་དུ་སྨྲས་མྱོང་། ཡིན་ནའང་དཔྱོད་ལྡན་མཁན་པོ་དག་གིས་དེ་གཉིས་ངོ་བོའི་ཐད་ནས་ཐ་དད་མེད་པར་མཁྱེན་རྗེས་གཉིས་ཀ་ནང་པའི་ལུགས་སུ་གོ་ནས་བན་དེ་རྒྱ་གར་ནང་ཆོས་དང་། བོན་དེ་བོད་ཀྱི་ནང་ཆོས་སུ་གོ་ནས་བཏང་སྙོ མས་སུ་འཇོག་གནང་མཛད་ཡོད། མ་ཚད་བོད་བརྒྱུད་ནང་བསྟན་ནི་འཛམ་གླིང་ནང་བསྟན་གཞན་དག་ལས་རྒྱ་ཆེ་བ་དང་གཏིང་ཟབ་པ་རང་གི་ཁྱད་བོན་དུ་མས་ཕྱུག་པར་འཆད་པས་གནའ་བོའི་བོད་པ་ཚང་གི་ཆོས་རིག་གོམས་སྲོལ་དེ་དག་ལ་འབྲེལ་བ་མེད་ན་རྒྱ་ཆེ་དོན་དང་གཏིང་ཟབ་དོན་ཡེ་ནས་མེད་དོ་སྙམ། །
དོན་ངོ་མར་ཕ་སྤྲ་སྤྲེལ་གྱི་རིགས་རྒྱུད་མ་བྱུང་བའི་སྔོན་ནས་གངས་རིའི་ཁྲོད་འདིར་དུད་འགྲོ་ལ་རེ་མ་དགོས་པའི་མཐོ་རིམ་སྲོག་ཆགས་མིའི་རིགས་བྱུང་ཟིན་པ་དང་། རྒྱ་གར་ནང་ཆོས་བོད་ལ་སྒྲ་ཙམ་མ་གྲགས་པའི་གོང་ནས་རྒྱ་ཆེ་གཏིང་ཟབ་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་འཁོར་ལོ་བར་མེད་དུ་བསྐོར་བཞིན་ཡོད་པ་དང་། ཐོན་མི་རིག་ པའི་བུ་ཆུང་མ་འཁྲུངས་གོང་ནས་བོད་གངས་ཅན་པས་འཕྲུལ་ཡིག་བཞི་བཅུ་བཀོལ་ནས་བོན་སྲིད་ཉི་ཟླའི་ཚུལ་གྱིས་སྐྱོང་བཞིན་ཡོད་པ་དང་། གཡུ་ཐོག་གསར་རྙིང་སོགས་མ་འཁྲུངས་གོང་ནས་བྲོ་ནད་གསོ་བའི་སྨན་གྱི་བསྟན་པ་རྒྱ་ཆེར་དར་ཞིང་རྒྱས་ཡོད་ལ། རྒྱ་བཟའ་ཀོང་ཇོས་འབྲུ་རིགས་སྣ་ལྔ་བོད་དུ་མ་བསྣམས་གོང་ནས་བོད་པ་ཚང་སྦྲང་དཀར་རྩམ་པའི་ཁ་ཟས་ལ་རོལ་བཞིན་པ་མ་ཟད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྔ་རོལ་ནས་ཤོན་གྱི་ཞབས་བྲོའི་ཟློས་གར་འཁྲབ་རྒྱུན་དར་ཟིན་ཡོད་པ་སོགས་མདོར་ན་ཞང་བོད་ལྗོངས་ཆེན་འདི་རུ་གནའ་སྔ་མོ་ནས་རིག་པའི་མཚོ་མོ་རླབས་ཀྱིས་འཁྱིལ་ཏེ་ཡོད་པའི་དན་རྟགས་ཤིན་ཏུ་ནས་མང་ངོ་། །འོ་ན་དེ་དག་རེ་རེ་བཞིན་དུ་དཔང་རྟགས་དང་རྒྱུ་མཚན་འདྲ་ཨེ་ཡོད་ཟེར་ན་དེ་ནི་ལོས་ཡོད་དེ། ཐོག་མར་མིའི་རིགས་འདི་ཉིད་སྤྲ་སྤྲེལ་ལས་ཆད་མེད་དེ་མི་ནི་མཐོ་རིམ་སྲོག་ཆགས་ཡིན་པ་དང་སྤྲ་སྤྲེའུ་ནི་དམའ་རིམ་སྲོག་ཆགས་ཡིན། མདོར་ན་མི་དང་དུད་འགྲོ་གཉིས་ཀྱི་ཁྱད་པར་ཆེ་བས་ཡ་མཚན་པའི་གནས་ཚུལ་དེ་འདྲ་སྔར་བྱུང་མྱོང་མེད་ལ་ད་ལྟ་དང་མ་འོངས་སོགས་ལ་ནམ་ཡང་འབྱུང་བར་མི་འགྱུར་སྙམ། སྤྲའི་མེས་པོ་སྤྲ་ཡིན་ལ་སྤྲེའུའི་མེས་པོ་སྤྲེའུ་ཡིན། དེ་ནི་ནས་ཀྱི་ས་བོན་ལས་ནས་འབྱུང་བ་དང་གྲོ་ཡི་ས་བོན་ལས་གྲོ་འབྱུང་བ་ལྟ་བུ་ཡིན། མི་ནི་དང་ཐོག་མ་ནས་མིའི་ས་བོན་ལས་བྱུང་བ་གདོན་ཅིས་ཀྱང་མི་ཟ། གལ་ཏེ་འཛམ་བུ་གླིང་འདིའི་ཐོག་གི་སྲོག་ཆགས་ཡོད་དོ་ཅོག་ལ་འབྲས་བུ་དང་ལྡོག་པའི་འབྱུང་ཁུངས་དང་ས་བོན་རེ་བཙལ་དགོས་ན་ཇི་ལྟར་རྙེད་པར་བྱེད་ཐུབ་ལ། རྒྱུ་འབྲས་བསླུ་མེད་དུ་འཛི ན་པའི་རང་རེའི་མི་རིགས་ཀྱི་ངོས་ནས་འགྲེལ་བརྗོད་ཇི་ལྟར་བྱས་ཏེ་གནང་ཐུབ། །
རྒྱ་གར་ནང་ཆོས་ཞང་བོད་ཁ་བའི་ལྗོངས་སུ་སྒྲ་ཙམ་མ་གྲགས་གོང་ཡུལ་ཁམས་འདི་ནི་གཡུང་དྲུང་བོན་གྱི་དགེ་བཅུ་དར་སའི་ཞིང་ས་ཆེན་པོ་ཞིག་ཡིན་ཏེ་བོད་ཡུལ་གྱི་མི་རྣམས་ཀྱིས་བོན་ཀྱི་ཡུལ་དང་སོག་ཡུལ་གྱི་མི་རྣམས་ཀྱིས་ཕོན་གྱི་ཡུལ་ཞེས་འབོད། དེ་ཡང་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། མཁས་པ་མི་བཞི་སྐུ་སྲུང་སྡེ་བཞི། གེར་མི་སྤུན་གསུམ་གྱི་རིང་ལ་མངའ་རིས་བོན་གྱི་སྐོར་དུ་འགྱུར་བ་ལགས། ཞེས་དང་། ལེགས་བཤད་མཛོད་ལས། དེ་ཡང་གཡུང་དྲུང་བོན་བྱུང་སྔ་བ་དང་། རྒྱལ་པོ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་གོང་དུ་བོན་ཁྲིམས་ཡོད་པའི་དོན་གྱིས་བོན་ཁམས་ཞེས་གྲགས་སོ། ཞེས་གསུངས་པས་སོ། །
དེ་མིན་ཡིག་ཆ་ཇི་སྙེད་ནས་ཞང་བོད་ཀྱི་སྣོད་བཅུད་ཆེན་པོ་འདིར་གནའ་རབས་ལོ་ངོ་ཁྲི་ཕྲག་གི་གོང་རོལ་ནས་འཇིག་རྟེན་ཁམས་ཀྱི་ཕན་བདེའི་གཞི་རྩ་གཡུང་དྲུང་བོན་གྱི་སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་ཡི་སྐྱེ་བ་བཞེས། མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་སྒོ་བརྒྱ ད་ཁྲི་བཞི་སྟོང་དུ་བསྟན། ཕྱིས་སུ་འཛམ་གླིང་སྲིད་པའི་ལྟེ་བ་ཞང་ཞུང་སྒོ་ཕུག་བར་གསུམ་ཀུན་ཏུ་མཁས་གྲུབ་གཉིས་ལྡན་གསེར་རིའི་ཕྲེང་བ་ལྟར་བྱོན་ནས། རྒྱལ་བའི་བཀའ་དྲི་མ་མེད་པ་མདོ་འབུམ་རྒྱུད་མཛོད་སོགས་ཀྱི་དགོངས་དོན་ལེགས་པར་བཀྲལ་བས་བཀའ་བརྟེན་རི་བོའི་གཏོས་དང་མཉམ་པ་བརྩམས་གནང་མཛད་ཡོད་པ་ནི་སྟོང་གསུམ་ཆེན་པོ་གསེར་གྱིས་བཀང་ཡང་གཞལ་དཀའི་གནས་སུ་ལྕི་བ་འདིའོ། དེས་མ་ཚད་སྔར་གྱི་རྒྱལ་པོ་རེ་ལ་སྐུ་གཤེན་རེ་དང་རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་ཡོད་ཅེས་དབང་ཤུགས་སྙོམས་པར་གནས་ནས་ཡོད་པ་དང་། ཆོས་ཕྱོགས་ནས་སྲོང་བཙན་ཡར་སྔོན་རྒྱལ་རབས་ཁག་རྣམས་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་ལོ་རྒྱུས་རྣམས་སུ་རླུང་ལྟར་གྲགས་པ་ དེ་ཡིན། ད་དུང་རྒྱ་གར་གྱི་ནང་པའི་བསྟན་གྱི་གཞི་རྩ་མང་པོ་ཞིག་བྲམ་ཟེའི་ཆོས་ལུགས་ལ་ཐུག་ཡོད་པ་དང་བྲམ་ཟེའི་ཆོས་ལུགས་ཀྱི་ལས་རྒྱུ་འབྲས། ཚེ་སྔ་ཕྱི། སྟོང་ཉིད། སྙིང་རྗེ། སྲོག་སྐྱོབ། སྦྱིན་པ་སོགས་ལྟ་གྲུབ་མང་པོ་ཞིག་ནི་གངས་ཏི་སེ་ལ་ཐུག་པ་ཡིན་པའི་གནས་ལུགས་ཟབ་མོ་རྙེད་བཞིན་པ་དང་དེང་སང་རྒྱ་གར་བ་རྣམས་གངས་སྐོར་དུ་རྒྱུན་ཆད་མེད་པར་ཕེབས་པའི་རྒྱུ་མཚན་དེ་ལ་ཐུག་པར་བཤད། དུས་རྒྱུན་བོད་པའི་སྤྱི་ཚོགས་ཁྲོད་ཆོས་དང་རིག་གནས་རྒྱ་གར་ནས་དར་དང་རྒྱ་གར་ནས་བྱུང་ཞེས་སྨྲ་སྒོ་ནས་ཡང་ཡང་ཐོན་པར་བྱེད་པ་འགའ་ཞིག་མངོན་སུམ་ཡིན་ནའང་མང་པོ་ཞིག་ནི་གངས་ཏི་སེ་དང་དེའི་མཐའ་སྐོར་དུ་གོ་དགོས་པ་ཐེ་ཚོམ་མེད་དེ། ཆེས་སྔ་བ་ཞིག་ནས་བོད་མི་མང་པོས་ཞང་ཞུང་ཕུག་པ་དེ་རྒྱ་གར་དང་ཐག་ཉེ་བ་དང་གངས་རིན་པོ་ཆེ་ཉིད་ཕྱོགས་དེར་ཡོད་པས་རྒྱ་གར་གངས་རི་ཞེས་འབོད་ སྲོལ་ཤུགས་ཆེན་པོ་ཡོད་པར་མངོན། དེང་སང་ཡང་ཧོར་དང་ཁམས་ཕྱོགས་སུ་འབོད་སྲོལ་དེ་བཞིན་མ་ཉམས་པར་གནས་ཡོད། དེར་བརྟེན་རི་མཐོ་ས་གཙང་ཆུ་བོ་ཀུན་གྱི་མགོ་བོ། ཡུལ་ཆེན་བཅོ་བརྒྱད་ཀྱི་སྙིང་པོ། བོན་དང་ཤེས་རིག་ཐ་དག་གི་ཉི་མ་ཤར་ས་དང་ཟླ་བ་ཚེས་སའི་གནས་མཆོག་འདི་ནས་དར་བའི་ཁྱད་བོན་དུ་མ་ཞིག་རྒྱ་གར་གངས་རི་ནས་བྱུང་ཞེས་པ་སྟབས་བདེ་རུ་ཕྱིན་ནས་རྒྱ་གར་ནས་བྱུང་ཞེས་བཤད་པས་བློ་རྨོངས་ཁྱུ་གཅིག་རྒྱ་གར་རྒྱལ་ཁོངས་ནས་བྱུང་བར་འཁྲུལ་ནས་རྒྱུན་འབྱམས་སུ་ཕྱིན་པར་སྙམ་པས་ཀུན་གྱིས་དོགས་དཔྱོད་གཟབ་དགོས་པར་འཚལ།། ད་དུང་མེས་པོའི་བག་ཆགས་ལས་འཕྲོས་པའི་བསང་གསོལ་དང་ལ་བཙས་རླུང་རྟ་སྒྲོན་པ་གཏོ་ཆོག་རིམ་འགྲོ ཇུ་ཐིག་གི་མོ་རྒྱག་པ་ཐ་ན་འབུད་དཀྲོལ་རྡུང་གསུམ་དང་ན་བཟའ་མནབས་ལུགས་ཡན་ཆད་གནའ་བོའི་ཞང་བོད་རིག་གནས་དང་ལྷག་པར་གཡུང་དྲུང་གི་བོན་རིན་པོ་ཆེ་དང་མ་འབྲེལ་བ་མེད་པ་ནི་དེང་སང་བསྟན་པ་སྐྱོང་བཞིན་པའི་རྒྱ་གར་ནང་ཆོས་འཛིན་པ་དགེ་སློང་སེར་པོའི་ལྟ་སྤྱོད་དང་བསྡུར་ན་དཀའ་ཚེགས་ཅི་ཡང་མེད་པར་རྟོགས་ཐུབ་པ་དང་བོན་ལ་དེ་དག་གི་བྱུང་ཚུལ་རེ་རེ་བཞིན་བརྗོད་དུ་ཡོད་ལ་ལོ་རྒྱུས་ཀྱང་ཤིན་ཏུ་ནས་སྔ་བས་རྒྱུ་མཚན་འདི་ལས་ཁུངས་བཙན་པའི་དཔང་རྟགས་གཞན་ཞིག་གང་ན་བཙལ་དུ་འགྲོ། ། བོད་ན་སྔར་ན་ཡི་གེ་མེད་པ་དང་ལྷག་པར་རྒྱལ་པོ་སྲོང་བཙན་གོང་ན་ཡི་གེ་མེད་པའི་ལྟ་བ་དེར་མ་གཞི་འཛམ་གླིང་བོད་རིག་པའི་ཁྲོད་ནས་བདེན་པ་མང་པོ་འཕྲོས་པས་འགྱུར་ལྡོག་ཤུགས་ཆེ་ཙམ་ཕྱིན་ཡོད་ནའང་ད་དུང་ལྟ་བ་མཁྲེགས་འཛིན་གྱི་ལམ་དུ་ཞུགས་བཞིན་པ་འགའ་རེ་ཡོད་པས་དེ་དག་ལ་གསལ་བཤད་ཕྲན་བུ་ཞུས་ན། རྒྱལ་པོ་སྲོང་བཙན་རིང་གཡུང་དྲུང་བོན་གྱི་བསྟན་པ་དར་ཤུགས་ཆེ་བ་ལས་རྒྱ་གར་བན་དེའི་ལྟ་སྤྱོད་དར་ཡོད་ནའང་ཤུགས་དེ་ཙམ་མི་ཆེ་སྙམ། གལ་ཏེ་སྐབས་དེ་དུས་ནས་སྲོང་བཙན་ཆོས་རྒྱལ་ཡིན་པ་དང་བོད་ཡུལ་ཆོས་ཀྱི་ལུང་པ་རུ་གྱུར་ཟིན་ཡོད་ན་ཕྱིས་རྒྱལ་པོ་ཁྲི་སྲོང་གིས་ཡབ་མྱེས་གོང་མའི་ཆོས་རིག་བསྣུབས་པར་ངལ་བ་དེ་ཙམ་ག་ལ་གནང་དགོས། མ་ཟད་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་པའི་གཙུག་ལག་ཁང་དེ་ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ།ཞེས་དང་། ཕོ་བྲང་པོ་ཏ་ལའི་ཡར་འཛུལ་སྒོ་དང་ཕྱིར་དོན་སྒོའི་སྐོར་བ་འཁོར་སྟངས་ལ་བལྟས་པ་ཙམ་གྱིས་བོན་གྱིས་སྐབས་དེའི་བོད་ཀྱི་སྲིད་དབང་ལ་ཐེབས་པའི་དབང་ཤུགས་མཚོན་ཐུབ་པ་ཡིན། སྲོང་བཙན་གོང་དུ་བོན་བསྟན་དར་ཡོད་པ་དང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཡོད་པ་ཆོས་ཕྱོགས་ནས་ཁས་ལེན་གནང་བར་དཀའ་ངལ་ཅི་ཡང་མེད་ན་བསྟན་པ་དང་ཆབ་སྲིད་ཚང་མ་ཡི་གེས་འཛིན་དགོས་པ་ཅི་ལ་སྨོས་དགོས། དེང་སང་ཆ་འཕྲིན་དང་འགྲིམ་འགྲུལ་ཡི་གེ་སོགས་གང་ཅིའི་ཐད་ནས་འདི་ལྟར་སྟབས་བདེ་པོ་དང་ལས་སླ་པོ་ཡོད་ཀྱང་ད་དུང་གྲོང་རྡལ་གཅིག་གི་འགོ་འཛིན་བྱེད་པར་དཀའ་ཁག་བརྗོད་ལས་འདས་པར་ཡོད་འདུག་པས་དེ་དུས་ཡི་གེ་ཙམ་མེད་པར་ཞང་བོད་ཀྱི་ཁྱོན་ཆེན་པོའི་མངའ་ཁོངས་ཡོངས་རྫོགས་སྟངས་འཛིན་བྱེད་པར་མཐུན་རྐྱེན་ཚང་མིན་དང་སྟངས་འཛིན་ཐུབ་མིན་མནོ་བ སམ་བྱས་པ་ཙམ་གྱིས་དོན་རྣམས་རྟོགས་ཐུབ་པ་ཡིན། ད་ཆ་ཆོས་ཕྱོགས་ནས་ཐོན་མིས་བོད་ཡིག་སྔར་མེད་གསར་གཏོད་གནང་ཡོད་མེད་སྐོར་བསམ་གཞིགས་བྱེད་མཁན་མང་དུ་འགྲོ་བ་མ་ཚད་ཐོན་མི་ཞེས་པ་ཞིག་བོད་གངས་ཅན་ལྗོངས་འདིར་དངོས་སུ་ཕེབས་མྱོང་ཡོད་མེད་སྐོར་ལ་དོགས་པ་གནང་མཁན་ཡང་མང་དུ་འགྲོ་བཞིན་ཡོད། ད་དུང་ཐོན་མི་རྒྱ་གར་དུ་ཕེབས་སྐབས་ལྷན་དུ་བློ་རྣོ་བ་བཅུ་དྲུག་ཙམ་ཡོད་པའི་ནང་ནས་ལ་ལ་ཚ་བས་ཤི། ལ་ལ་ནད་ཀྱིས་མནར་བ་སོགས་མང་ཞིག་འཆད་ཡོད་ནའང་དེང་སང་ཕྱིར་སྡོད་བོད་རིགས་སྤུན་ཟླ་དང་ཚོང་གཉེར་བ་ཕར་འགྲོ་ཚུར་འོང་རྒྱུན་ཆད་མེད་པར་གནང་མཁན་ཚོས་ཚ་བ་ཆེ་ཆུང་གི་སྐད་ཆ་བཤད་པ་ལས་ཚ་བས་ཤི་བའི་གནས་ཚུལ་ཐོས་རྒྱུ་མི་འདུག་པ་མ་ཟད་ས་དེ་དག་གི་ཁོར་ཡུག་གནམ་གཤིས་སྐྱིད་པོ་ཡོད་པའི་སྐད་ཆ་ཡང་ཡང་གོ་རྒྱུ་འདུག་པས་ཞལ་རྫུན་ཡིན་པའི་རྒྱུ་ མཚན་དེ་ནས་ར་ཡོངས་སུ་འཕྲོད་འགྲོ་སྙམ། དོན་དངོས་རྒྱལ་བློན་དེ་དག་གི་གོང་ནས་ཡི་གེ་ཡོད་པ་མངོན་སུམ་གྲུབ་སྟེ། དེ་ཡང་གཡུང་དྲུང་བོན་གྱི་བསྟན་འབྱུང་ལས། གནམ་རི་སྲོང་བཙན་གོང་ལ་བོད་ཡུལ་དུ། ཡི་གེ་མེད་ཅེས་ཁུངས་ལ་དགག་པ་བྱས། དེ་ནི་མཁས་པ་ཆེན་པོའི་གསུང་ཡིན་ཀྱང་། མ་བརྟག་བབ་ཅོལ་ཚིག་ཏུ་ཟད་པར་ངེས། རྒྱལ་རབས་སོ་གཉིས་བར་དུ་བོན་དར་ན། ཡི་གེ་མེད་པས་བསྟན་པ་ཇི་ལྟར་དར། བོན་ལ་བརྡ་སྤྲོད་ཡི་གེ་མེད་བདེན་ཡང་། རྒྱལ་པོ་ཆེན་པོས་རྒྱལ་སྲིད་སྐྱོང་བ་ལ། ཚིག་སྦྱོར་ཡི་གེ་མེད་པས་བྱ་ཐབས་དཀའ། ཞེས་དང་། སྲོང་བཙན་དུས་སུ་ཡི་གེ་གསར་བཟོས་ན། གྲི་གུམ་དུས་ན་དཔེ་ཁལ་ཅི་ཞིག་འགེལ། ཞེས་སོགས་གསུངས་པ་དང་། ད་དུང་གཉའ་ཁྲིའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཡོད་པར་བཤད་པ་དང་། རྒྱལ་པོ་སྲོང་བཙན་ཆུང་དུས་ནས་བློ་སྒམ་ལ་རིག་པའི་གནས་ལྔ་མཁྱེན་པ་ཞིག་ཡོད་པར་བཤད་པ་དང་། མགར་བློན་རིག་པ་ཅན་རྒྱ་ནག་བློན་པོའི་བུ་མོ་བོད་རྗེ་སྲོང་བཙན་སྒམ་པོའི་མནའ་མ་སློང་དུ་འགྲོ་སྐབས་བཙན་པོས་ཤོག་དྲིལ་ཞི་དྲག་གི་གོ་དོན་མི་འདྲ་བ་གསུམ་ཙམ་འཁོད་པའི་ཡི་གེ་བསྐུར་ནས་རེ་རེ་བཞིན་རྒྱ་ནག་གི་རྒྱལ་པོར་སྤྱན་འབུལ་ཞུས་པ་སོགས་ལོ་རྒྱུས་ཐོག་ཁ་གསལ་བཀོད་པ་མང་དུ་ཡོད་པ་ཡིན། སྐབས་དེ་དུས་ཐོན་མི་རྒྱ་གར་དུ་སོང་མེད་ལ་འགྲོ་རྒྱུའི་འཆར་གཞི་ཡང་ཡོད་པ་ཡིག་རིགས་ལོ་རྒྱུས་གང་ནས་མཇལ་བའི་སྐལ་བ་མ་རྙེད། ཉེ་ལམ་མདོ་ཁམས་སྡེ་དགེ་ནས་ཐོན་པའི་དཔེ་ཆ་གཅིག་ཡོད་པའི་མཇུག་བྱང་དུ་གསལ་པོར་འཁོད་ཡོད་པ་ནི་“གཤེན་ཆེན་གཅེ་འོད་ནས་རིམ་པར་བརྒྱུད་པ་སྲིད་པའི་མདོའི་བསྐོང་ཆེན་མོ། སངས་པོ་ཁྲིན་ཁོད་བདག་གིས་ཡི་གེ་བཏབ་པ་ཞང་འོད་དཔོན་གསལ་བར་མཆོད་པས་མཐུ་བྱོན་པ་ཁྲབ་མོ་ཆིག་ཆིག་ནི་རྫོགས་སོ།”ཞེས་ཁྲི་བདུན་གཉིས་པ་མུ་ཁྲི་བཙན་པོའི་སྐུ་གཤེན་གཅེའུ་འོད་དཀར་ནས་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་གཅེའུ་འོད་དཀར་ནས་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ར་སངས་ཁྲི་ན་ཁོད་བར་བརྒྱུད་པ་འདི་སངས་པོ་ཁྲི་ན་ཁོད་ཀྱིས་ཡི་གེར་བཏབ་པར་གསལ་བ་འདི་བློ་གཟུ་བོར་གནས་ནས་དཔྱད་ན་དོན་དེ་ཁོ་ནས་ཀྱང་བཙན་གོང་དུ་བོད་ལ་ཡི་གེ་འབྲི་བའི་སྲོལ་བྱུང་ཡོད་པའི་ངེས་ཤེས་འདྲོངས་ཐུབ་པ་ཡིན་ནོ། །
བོད་གངས་ཅན་པའི་གསོ་རིག་སྨན་གྱི་བསྟན་པ་རིན་པོ་ཆེ་ནི་རང་མི་རིགས་ཀྱི་ཁོངས་སུ་འཁྲུངས་པའི་སྟོན་མཆོག་གཤེན་རབ་མི་བོ་ཆེ་གཙོ་བོར་གནང་བའི་མེས་པོ་རྣམས་ཀྱིས་སྲོལ་གཏོད་གནང་བ་ལས་བྱུང་བ་ཡིན་པ་དང་། གཉའ་ཁྲི་བོད་ཀྱི་རྗེ་རུ་གཤེགས་པའི་སྐབས་སུ་དུག་ཡོད་པར་དོགས་པ་ལ་”དུག་ལ་སྨན་ཡོད་”ཅེས་ལན་བཏབ་པར་གལ་འགངས་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཆགས་ནས་ཡོད་པ་དང་། རྒྱལ་པོ་ཁྲི་སྲོང་སྐུ་དུས་བན་བོན་དར་ནུབ་སྐབས་བན་དེ་མི་བདུན་ཞེས་པའི་ཁོངས་སུ་གཙོ་བོ་བན་བོན་དབྱེར་མེད་བེ་རོ་ཙ་ན་ཡོད་པ་དང་། བོན་པོ་མི་བདུན་ཞེས་པའི་ནང་གུ་བསྐྱེད་དཔལ་གྱི་གཡུང་དྲུང་ཡོད་པ་ཤེས་རྟོགས་འབྱུང་བཞིན་ཡོད། ཁོང་གཉིས་པོས་ཐབས་ལ་བརྟེན་ནས་གཡུང་དྲུང་བོན་ལུགས་དང་དམ་པ་ཆོས་ལུགས་རང་རང་གི་སྲོལ་དང་མཐུན་པའི་ངང་བརྒྱུད་འཛིན་སྤེལ་གསུམ་ལ་བརྩོན་ནས་གསོ་རིག་བསྟན་པ་མི་ནུབ་པར་ཡུན་དུ་གནས་ཐབས་མཛད་པ་མ་ཟད། ལྷག་པར་བེ་རོ་ཉིད་ནས་སྔར་གྱི་བོན་ལུགས་ཐ་དག་ཆོས་ཀྱི་རྣམ་པ་ཅན་དུ་བསྒྱུར་ནས་ཐབས་ལ་མཁས་པས་སྤེལ་བ་ནི་པདྨ་བཀའ་ཐང་གི་ལེའུ་གྱ་བཞི་པ་ལས། བེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བེ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། བེ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ཞེས་གསུངས་པས་སོ། ད་དུང་རྒྱུད་བཞིའི་དཔྱད་ཁུངས་བསྟན་པའི་ནང་། འཁོར་ལོ་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་བའི་གཞུང་། ཞེས་དང་། ཏུན་ཧོང་ནས་ཐོན་པའི་མེ་བཙའིདཔྱད་ཡིག་མཇུག་ཏུ་དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མྱེད་དེ་དཔྱད་ཡིག་ཐམས་ཅད་ལས་ཀྱང་བསྡུས་པའི་སྟེང་དུ་ཞང་ཞུང་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ། ཞེས་དང་། གཡུ་ཐོག་པས་རྒྱ་གར་སྨན་པའི་དྲི་བར་ལན་བསྐྱོན་སྐབས། ཞང་ཞུང་གི་ལུགས་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང་། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་རྒྱུད། ཁྲོམ་གྱི་ལུགས་ལ་ཆུ་དཔྱད་ཟླ་བསིལ་གྱི་རྒྱུད། བོད་ཀྱི་ལུགས་ལ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཞེས་སོགས་གསུངས་པ་དང་། སྟག་ཚང་ལོ་ཙ་བའི་ཞལ་ནས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། རྒྱ་གར་འཕགས་པའི་ཡུལ་དུ་གསུངས་པ་མེད། བོད་ཀྱི་སྨན་པ་བྱང་ཆུབ་སེམས་པས་མཛད། ཞེས་དང་། སྟག་རི་གཉན་གཟིགས་སྐབས་འ་ཞའི་སྨན་པས་གསེར་གྱི་ཐུར་མ་སྤྱད་ནས་རྒྱལ་པོ་ཉིད་ཀྱི་སྤྱན་གསེར་གྱི་ཐུར་མ་སྤྱད་ནས་ཕྱེས་པའི་ལུང་ཁུངས་བཙན་དག་ལས་གསོ་བ་སྨན་གྱི་རིག་པའི་བསྟན་པ་བོད་གངས་ཅན་ལྗོངས་སུ་ཇི་ལྟར་དར་བའི་ཚུལ་ཡང་དག་པ་མཁྱེན་པར་འགྱུར་རོ་སྙམ། ལར་འབུམ་བཞི་དང་རྒྱུད་བཞི་ཞེས་ཕ་བུ་རྩོད་པས་དུས་མི་འདའ་བར། དེ་གཉིས་ཀ་ཡུལ་གངས་ཅན་པའི་གསོ་བ་སྨན་གྱི་རིག་པ་ཡིན་པ་ནི་ལུང་ཚིག་གཅིག་པུར་ཤི་འཐམ་རོ་འཐམ་གྱི་ངལ་བ་མི་དགོས་པར་སྔ་ཕྱིའི་བྱུང་རིམ་དང་གཞུང་དོན་ངོ་མའི་གོ་བ་ལ་དཔྱད་པ་ཁོ་ནས་གཞུང་དེ་གཉིས་ཀྱི་ལྟ་བ་སུའི་ལྟ་བ་ཁོངས་སུ་གཏོགས་པ་དང་། སྤྱོད་པ་སུའི་ལུགས་དང་མཐུན་པ། སྨན་རྫས་སུའི་ཡུལ་དུ་སྐྱེས་མང་བ། འཚོ་བ་ཟས་སོགས་ཁྱོན་ཡོངས་ཀྱི་ལྟོ་གོས་གཏམ་གསུམ་མི་རིགས་གང་གི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་འཛམ་བུ་གླིང་ཆེན་འདིའི་སྒང་ཕན་ཚུན་རྒྱུས་ལོན་དང་ཞིབ་འཇུག་གི་སྒོ་འཕར་ཡངས་པོར་ཕྱེས་པའི་དུས་འདིར་དཔྱད་ན་གསལ་བ་ལས། སྨན་མིང་དར་ཡ་ཀན་དང་ད་ཏྲིག བ་རུ་ར། ཏྲེས་སམ། ཅུར་ནིས། དུར་བྱིད། སླེ་ཏྲེས། གྷན་དྷ་པ་ཏྲ། ཨ་རུ་ར། ཚས་སོགས་ཞང་ཞུང་གི་སྨན་མིང་ཁ་ཤས་དང་། ནད་མིང་ཡ་མ། སུར་ཡ། ཏྲེམ། གཟའ་སོགས་དང་མདོས་དང་བོ ན་ཆོག་དུག་བཅོས་ཀྱི་ལག་ལེན་ཞིབ་རྒྱས་ཡོད་པ་ཙམ་གྱིས་ཕུགས་འབུམ་བཞི་སོགས་ལ་གཏུགས་པ་མིན་པར་མ་ཕྱི་ཨེ་ཡིན་ཚིག་དང་དོན་ལ་དཔྱད་ན་གསལ་བ་དང་། ཕ་མ་ཨེ་ཡིན་ཤ་ཁྲག་རུས་ལ་དཔྱད་ན་གསལ་བ་ཆོས་ཉིད་ལགས་པས་གཞུང་འདི་གཉིས་ཀྱི་ལྟ་བའི་ཐོག་མཐའ་ཀུན་ཏུ་ཞང་བོད་རང་གི་སྐད་དང་། ཡུལ་གཤིས། ས་བབ། རང་བྱུང་སྨན་རྫས། འཚོ་བའི་གོམས་གཤིས་དུས་རྒྱུན་གྱི་སྤྱོད་ལམ་སོགས་འཁྲུལ་མེད་དུ་བསྟན་ཡོད་པ་དང་། གཏོ་ཆོག་སོགས་ཡུལ་ལུགས་དང་མཐུན་པར་སྦྱར་དགོས་པ་ཡང་མི་ནོར་བའི་གཟེར་ལྟ་བུ་དང་། རང་རྐྱ་འཕེར་བའི་རིག་ལམ། ནད་བརྟག་ སྨན་དཔྱད་ཀྱི་ཁྱད་པར་བཅས་ཕྱོགས་ཡོངས་ནས་བོད་ཀྱི་རང་གཤིས་གསལ་པོ་མངོན་ཡོད་པ་མ་ཟད། རྣམ་པ་གང་དང་མཐུན་པར་བཅོས་ཀྱང་ངོ་བོ་ཞང་བོད་ཁམས་ཀྱི་རང་ལུགས་མ་ནོར་བར་གནས་ཐུབ་པ་འདིས་གསེར་ས་འོག་འོད་ནམ་མཁར་ཞེས་པའི་དཔེ་ཇི་ལྟ་བ་མཚོན་པར་བྱས་སོ་སྙམ་མོ། །
གཞན་ཡང་ཕྱིས་ཀྱི་བོད་པ་མང་པོས་འབྲུ་རིགས་སྣ་ལྔ་རྒྱ་བཟས་བསྣམས་ཕེབས་པའི་ཤོད་རྒྱུན་ཆགས་སུ་བཅུག་ནའང་རྒྱ་བཟའ་བོད་ཀྱི་བཙུན་མོར་མ་ཕེབས་གོང་ནས་སྦྲང་དཀར་རྩམ་པའི་ཁ་ཟས་ལ་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ནང་སའི་ཡུལ་དུ་ནས་ཀྱི་ས་བོན་འདེབས་གསོ་བྱས་མྱོང་བའི་གོ་ཐོས་རིག་གསུམ་དེ་སྔ་ཕན་ཆད་ཀུན་ལ་མེད་པས་ སོ། བོད་ཀྱི་ཞབས་བྲོའི་མེས་པོ་ཤོན་གྱི་ཞབས་བྲོ་ནི་སྟོན་མཆོག་གཤེན་རབ་མི་བོའི་སྐབས་ནས་ཡོད་པ་ཡིན་ཏེ། གཟི་བརྗིད་གཟེར་མིག་སོགས་ལས། ལ་ལ་ཡིས་ནི་རྔ་བརྡུང་ངོ་། ལ་ལ་ཡིས་ནི་དུང་འབུད་དོ། ལ་ལ་ཡིས་ནི་ཤོན་བརྩེའོ། ཞེས་དུས་དེ་ཙམ་ནས་དར་ཟིན་ཡོད་པ་མངོན་སུམ་དུ་གྲུབ་པ་དང་དལ་བའི་ཞབས་བྲོ་སྟོད་གཞས་དང་ནང་མའི་བྱུང་ཁུངས་དེ་ལ་ཐུག་པ་དང་འཚུབ་པའི་ཞབས་བྲོ་རལ་པའི་སྒྱུ་རྩལ་གྱི་བྱུང་ཁུངས་ཀྱང་དེ་ལ་ཐུག་ཡོད་པར་གསལ་ནའང་དེང་སང་མ་དག་པའི་རྩོམ་གྱི་ནང་དོན་འཁོད་པ་སྟེ་བརྙན་འཕྲིན་ལམ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་སུ་གཞི་ནས་དར་ བའི་འཁྱོགས་བཤད་ངན་ལང་ཤོར་བ་ལ་དམིགས་སུ་གསལ་བཤད་བགྱིས་ཁུལ་ཞུ་བཞིན་པ་བཅས་ཁོ་བོས་བོད་མི་རིགས་ཀྱི་ཤེས་རིག་མཐའ་དག་གི་རྩ་བའི་འབྱུང་ཁུངས་ཞང་བོད་ལས་འཕྲོས་པའི་གཏམ་གླེང་འདི་བཞིན་སྤེལ་ནས་རང་རེའི་མི་རིགས་འདི་ཐོག་མ་ནས་བློ་གྲོས་ཀྱིས་ཕྱུག་པའི་ཡ་རབས་མི་རིགས་ཞིག་ཡིན་པ་ལས་རྐྱེན་ཕུན་སུམ་ཚོགས་པ་ཞིག་གིས་གློ་བུར་དུ་རྡོ་རྗེ་སྐེད་ནས་བཟུང་པ་ལྟ་བུས་གྲུབ་པའི་རླབས་ཆེན་མི་རིགས་ཞིག་མིན་པའི་བདེན་དོན་བརྡར་ཁུལ་བགྱིས་པ་ལ་ནོངས་པའི་ཆ་མཆིས་སོ་ཅོག་མཁྱེན་ལྡན་ཡོངས་ཀྱི་མདུན་སར་འཆག་གོ། ཐ་ཚན་མུ་ཙུག་སྨར་རོ། ། བཀྲ་ཤིས། ། དགེའོ། །
དཔ