ཞང་བོད་གསོ་བ་རིག་པ་ལས་ཆུ་བརྟག་རིག་པའི་ལག་ལེན་ནན་ཏན་དུ་བལྟ་དགོས་
པའི་དོན་གནད་སྐོར་ཅུང་ཟད་གླེང་བ།
གླིང་སྨན་གཡུང་དྲུང་བཀྲ་ཤིས།
ནང་དོན་གནད་བསྡུས། བོད་ཀྱི་གསོ་བ་རིག་པའི་ནང་གསེས་ཆུ་བརྟག་རིག་པ་ནི་བོད་རང་ས་ནས་བྱུང་ཞིང་ལོ་ངོ་ཁྲི་ཕྲག་རིང་ནད་ངོས་འཛིན་པ་སོགས་བོད་མི་རིགས་ཀྱི་བདེ་ཐང་ལ་ཞབས་འདེགས་བླ་ལྷག་སྒྲུབ་མྱོང་ཡོད་པ་དང་། དེང་སང་བོད་ཀྱི་གསོ་བ་རིག་པ་ཞེས་འཛམ་བུ་གླིང་པར་ངོམ་རིན་ཆོག་པ་འདིའི་ནང་དོན་གྱི་ཆ་ཤས་གཙིགས་སུ་ཆེ་བ་ཞིག་ཡིན། འོན་ཏེ་དེང་རབས་གསོ་རིག་གི་རབ་འདེགས་བརྟག་ཆས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་བརྟག་ཐབས་འདི་དག་རིམ་བཞིན་བག་ལ་ཞ་བའི་གནས་ཚུལ་དེ་མགྱོགས་ནས་མྱུར་བར་ལག་ལེན་གི་ལམ་ནས་གསོན་ཤུགས་སྦྱིན་དགོས་པའི་གལ་གནད་གླེང་ཡོད་པའོ།
གནད་ཚིག བོད་ཀྱི་གསོ་རིག ཆུ་བརྟག་རིག་པ། སྟོན་པ་གཤེན་རབ། སྟག་ཚང་ལོ་ཙ་བ། རབ་འདེགས་བརྟག་ཆས། མི་ཉམས་གོང་འཕེལ།
བོད་གངས་ཅན་གྱི་གསོ་བ་རིག་པ་ནི་བོན་སྟོན་གཤེན་རབ་མྱི་བོ་ཆེ་ཡབ་སྲས་ཀྱི་རིང་ནས་ལྷག་པར་དར་ཞིང་རྒྱས་པའི་དབུ་ཚུགས་ཡོད་པ་དང༌། དེའི་ནང་དོན་ཐད་ནད་གང་ཡིན་པ་དང་གཉེན་པོ་གང་གཏོང་དགོས་པའི་གདམས་ངག་གཅིག་ལས་གཅིག་ལེགས་པ་རྒྱུད་འབུམ་གྱི་སྟོད་སྨད་བར་གསུམ་ཀུན་ཏུ་བྱུར་བུར་གཏམས་ཡོད་པ་ནི་སྲོག་ཆགས་སྣ་ཚོགས་པར་ཚོད་ལྟ་བྱས་ནས་བྱུང་བ་མིན་པ་སྨྲ་ཤེས་དོན་གོའི་མི་ཞིག་ཡིན་ཕྱིན་ཐེ་ཚོམ་འབྱུང་གཞི་ཙམ་ཡང་མེད། དེང་སང་མི་མང་ཆེ་བས་རྒྱུད་བཞི་བན་གྱི་བཀའ་བསྟན་ནང་དུ་མེད་པས་བོད་རང་གི་ཡིན་པའི་དཔང་རྟགས་གསལ་པོ་རེད་ཟེར་བ་དང༌། སྔར་གཡུང་དྲུང་གི་བོན་རིན་པོ་ཆེ་བསྣུབས་པ་དེ་ནི་མི་རིགས་ཞིག་གི་ངོས་ནས་ཞུས་ན་ལོ་རྒྱུས་ཀྱི་གོད་ཆག་ཆེ་ཤོས་རེད་འདུག་ཅེས་བསམ་ཞིང་སྨྲ་མཁན་མང་དུ་འདུག དེ་ནི་ལོ་རྒྱུས་ཀྱི་བདེན་དོན་ངོ་མས་ར་སྤྲད་བཞིན་པའི་དན་རྟགས་ཞིག་ཏུ་འཁུམས་ལ། གཡུང་དྲུང་བོན་གྱི་བདེན་དོན་དེ་ག་ལེར་ཉི་མ་བཞིན་ཤར་དང་ཤར་མུས་ཡིན་པའི་རྟགས་མཚན་ཞིག་ཅི་ལ་མིན། ནད་གསོ་སྨན་དཔྱད་བྱ་བའི་ལག་ལེན་འདི་ནི་མཐོ་སྒང་ཞང་བོད་མི་རིགས་ཀྱི་ཕྱིའི་འབྱུང་བའི་ཁམས་དང་ནང་མིའི་ལུས་ཁམས་ལ་བསྟུན་ནས་སྟོན་པ་མྱི་བོ་ཆེས་མངོན་ལྐོག་ཐམས་ཅད་རྗེན་གཅེར་དུ་གཟིགས་པའི་ལམ་ནས་གཏན་ལ་དབབ་པ་ཞིག་ཡིན་པ་གཡུང་དྲུང་བོན་ལ་རླུང་ལྟར་གྲགས་པ་དང་དེ་ནི་སྟོན་པ་ཉིད་གང་ལ་གང་འདུལ་དེ་ལ་དེ་སྟོན་མཛད་པའི་ཆ་ཤས་ཞིག་ཀྱང་ཡིན། དེ་ལྟ་བུའི་བོད་ཀྱི་གསོ་བ་རིག་པ་ལས་ནད་ངོས་འཛིན་སྐབས་བལྟ་རེག་དྲི་བའི་ལམ་ནས་བརྟག་ཅིང་དཔྱད་པ་དང༌། དེའི་ནང་ནས་གཞན་རྣམས་ལག་ལེན་དུ་ཉམས་མི་དམན་པར་བསྟར་ལགས་ཀྱང་༌། མིག་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟག ཞེས་པའི་བྱ་ཐབས་གཉིས་ལས་ཆུ་བརྟག་རིག་པ་འདི་རིམ་བཞིན་བག་ལ་ཞ་ནས་ལག་ལེན་ཐོག་དོན་དུ་གཉེར་མཁན་ཉུང་དུ་འགྲོ་བཞིན་པའི་་སྣང་ཚུལ་མི་ལེགས་པ་འབྱུང་བཞིན་པས་ཕྲན་ནས་དེའི་སྐོར་གྱི་གལ་གནད་འགའ་ཞིག་ལོ་རྒྱུས་ནས་གླེང་བསླང་སྟེ་སྨྲ་བར་འདོད་པ་ཡིན།
དང་པོ། ཆུ་བརྟག་རིག་པའི་བྱུང་རིམ་མདོར་བསྡུས།
ཆུ་བརྟག་རིག་པ་ནི་རང་རེའི་གསོ་རིག་ལས་ནད་ངོས་འཛིན་པར་བལྟ་རེག་དྲི་བ་གསུམ་ལས་མིག་གིས་བལྟ་ཞིང་དཔྱད་པའི་ཡུལ་གཙོ་བོ་ལྕེ་དང་ཆུ་གཉིས་ཡིན་པ་དང༌། རྒྱུན་ལྡན་ཆུ་ལ་བརྟག་ཞིང་དཔྱད་ཆེ་བ་ཡིན། ཆུ་ལ་བརྟག་པའི་རིག་པ་འདི་ཉིད་བོད་གངས་ཅན་པའི་ཁྱད་བོན་འབུམ་གྱིས་ཕྱུག་པ་ཞིག་ཡིན་པ་དང༌། དེ་ཉིད་ཞང་བོད་རང་གི་ལུགས་ཁོ་ན་ཡིན་པའི་སྐོར་སྟག་ཚང་ལོ་ཙཱ་བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། རྒྱ་གར་འཕགས་པའི་ཡུལ་དུ་བཤད་པ་མེད། བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། ཞེས་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རེག་པ་རྩ་དང་མཐོང་བ་ཆུ་ལ་བརྟག་པ་ནི། གཞུང་གཞན་དུ་མེད་པས་འཛམ་གླིང་ན་སྨན་དཔྱད་ཀྱི་གཞུང་ལ་རྒྱུད་བཞི་ལས་མཆོག་ཏུ་གྱུར་པ་མི་སྲིད་ཅིང༌། ཁྱད་པར་བོད་ཀྱི་ཡུལ་དུས་དང་འཚམ་པ་འདིའི་བཀའ་དྲིན་གཞལ་དུ་མེད་པས་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླང་ངོ༌། ཞེས་བོད་རང་གི་ལུགས་འཁྲུལ་མེད་ཡིན་པ་ལས་རྒྱ་དཀར་ནག་སོགས་ཡུལ་ཁམས་གཞན་ནས་དར་ཞིང་བོད་དུ་བརྒྱུད་འཕེལ་བྱུང་བ་མ་ཡིན་པར་བསྟན་པ་དང༌། སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླང་ངོ་ཞེས་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་གནང་མེད་པ་དང་རང་ཅག་གཡུང་དྲུང་བོན་པོ་རྣམས་ཀྱིས་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་བཀའ་ངོ་མར་བརྩི་བ་དེ་ལ་བདེན་པའི་གསལ་ཁ་ཞིག་ཤུགས་སུ་བཏོད་གནང་ཡོད་པར་མཐོང༌། བདག་ཅག་གི་ལྷ་མིའི་མགོན་པོ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེས་གསོ་རིག་བསྟན་སྤེལ་འགྲོ་དོན་མཛད་པའི་ནང་དུ་རྩ་ཆུའི་སྐོར་འཁོད་ཡོད་པ་མ་ཟད་དབང་པོ་མཐོང་བ་མིག་གིས་ཕན་གནོད་སོགས་དཔྱད་པའི་ཡུལ་གཙོ་བོ་རུ་འཛིན་ཡོད་པ་ཡིན་ཏེ། ཕྱྭ་གཤེན་ཐེག་པའི་མདོ་ལས། དཔྱད་ལ་རྣམ་པ་བཞི་ཡིན་ཏེ། རྒྱུ་རྐྱེན་མཐོང་ལ་དཔྱད་པ་དང༌། ངོས་འཛིན་རྩ་ལ་དཔྱད་པ་དང༌། ཕན་གནོད་ཆུ་ལ་དཔྱད་པ་དང༌། འཆི་སོས་ཁམས་ལ་དཔྱད་པའོ། །ཞེས་དང༌། དཔྱད་ལ་རྩ་དང་ཆུ་དང་ཁམས༌། རྩ་ལ་ལྟ་ཞིང་ཆུ་ལ་བརྟག ཁམས་ལ་དཔྱད་ཅིང་ཐིགས་པར་བྱ། ཞེས་དང༌། གསོ་རིག་འབུམ་བཞི་ལས། ༤ དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཀུན། མཐོང་བ་ཆུ་ཡིས་ནད་ངོས་བཟུང་བ་ནི། མངོན་དུ་གསལ་བའི་མེ་དང་དུད་པ་འདྲ། ཐབ་ཀྱི་མེ་ལས་འབྱུང་བའི་དུད་པ་ལྟར། ནད་ཀྱི་ཐོག་ནས་འོང་བའི་ཆུ་ཡིན་པས། མཐོང་བ་ཆུ་ཡིས་ནད་ངོས་བཟུང་བ་སྟོན། ཞེས་གསུངས་འདུག་པ་དང༌། མ་ཚད་ངོ་མཚར་རྩ་བདུན་ཞིབ་རྒྱས་ལྟ་སྟངས་དང་སྐོར་ཕྱྭ་འདེབས་སྟངས་འབྲས་བུ་གང་བྱུང་ཡུལ་ལུགས་སྦྱར་ཏེ་མདོས་གཏོང་ཚུལ་གསལ་པོར་འཁོད་ལུགས་བཅས་བོད་རང་ས་ནས་དར་ཞིང་སྟོན་པ་གཤེན་རབ་མི་བོས་བསྟན་པའི་བཀའ་ཡིན་པའི་གསལ་བྱེད་འདི་དག་ལས་ཁུངས་བཙུན་པའི་རྒྱུ་མཚན་ཞིག་གཞན་གང་ནས་བཙལ་དུ་རྙེད། ཕྱིས་སུ་བན་བོན་ནང་ཆོས་རིས་མེད་ལྷན་དུ་དར་བ་སོགས་ཀྱི་སྐབས་སུ་བྱུང་བའི་ནང་དོན་ཚིགས་སུ་བཅད་པ་དུ་མ་མཐོང་ལམ་དུ་འགྱུར་བཞིན་པ་སྟེ། གལ་ཆེའི་གསོ་རིག་གནད་བསྡུས་ལས། ༥ བན་བོན་སྲུང་མ་དགྲ་སྡང་དཀར་པོ་འབྱུང༌། ཞེས་དང༌། མི་གཙང་འདྲེས་གནོད་རྡོ་རྗེ་གཡུང་དྲུང་ལྟར། ཞེས་པ་སོགས་ལས་བོད་གངས་ཅན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆུ་བརྟག་རིག་པའི་བྱུང་རིམ་ལོ་རྒྱུས་རོབ་ཙམ་རྟོགས་པར་འགྱུར་བར་ངེས་སྙམ་མོ། །
གཉིས་པ། ཆུ་བརྟག་རིག་པའི་སྔོན་འགྲོ་གླེང་བ།
དེ་ལྟར་ལོ་རྒྱུས་ཡུན་རིང་ལྡན་པའི་ཆུ་བརྟག་རིག་པ་འདི་ཉིད་རང་རེས་ཐུན་མོང་ཐོག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་འཕྲིན་ལས་སྐྱོང་དགོས་པ་ཡིན། བོད་ལུགས་འཛིན་པ་ཚང་མས་ནུས་པ་གཅིག་ཏུ་བསྒྲིལ་ཐུབ་ན་དེང་སྐབས་ཉག་ཕྲ་བའི་གནས་ཚུལ་འདི་ལའང་འགྱུར་ལྡོག་གཏོང་ཐུབ་ངེས། མ་ཟད་དུས་རབས་དང་བསྟུན་ནས་སྔོན་འགྲོའི་ལས་ཀ་དག་ཚགས་ཚུད་པོ་དང་མངགས་བྱ་ནན་པོ་ཡོང་བའི་ཐད་ཤུགས་རྒྱག་དགོས་པ་དང་རྒྱུད་འབུམ་གྱི་དགོངས་དོན་དང་མཐུན་པར་ལག་ལེན་གནད་དུ་ཕེབས་པ་ཞུ་དགོས། དེ་ལྟར་གནང་བ་ལ་སྔོན་འགྲོའི་སྤང་བླང་གི་ཆ་རྣམས་ཆུ་བརྟག་མཁན་སྨན་པ་དང་བརྟག་ཡུལ་ནད་པ་གཉིས་ཀས་མ་ནོར་བར་གཙིགས་ཆེན་བཟུང་དགོས་པ་སྟེ། བརྟག་མཁན་སྨན་པ་ཉིད་གཡུང་དྲུང་སེམས་དང་ལྡན་ལ་སྤྱོད་ལམ་དལ་ཞིང་བག་ཕེབས་པ། ལུས་ཀྱི་ཟུངས་སྟོབས་སོགས་མ་ཉམས་པར་དབང་པོའི་ལས་གཙང་ཞིང་གསལ་བ། ཆང་རག་དང་སྐུལ་རྩི་འདྲེས་པའི་བཏུང་བྱ་སོགས་འཐུང་བ་མ་ཡིན་པར་དུས་སུ་གཉིད་ལོག་པ། མདོར་ན་ལེགས་པའི་སྤྱོད་ལམ་དང་ལྡན་པའི་སྨན་པ་མཁས་པས་བརྟག་དགོས་པ་ཡིན།
བརྟག་ཡུལ་ནད་པ་ནི་བལྟ་བའི་གོང་གི་ནུབ་མོ་ནས་ཇ་དང་དར་བ་ཆང་དང་སིངས་པོ་སྦི་རག་སོགས་རྩ་བ་ནས་མི་བཏུང་བ་དང་དཀར་སེར་དམར་བའི་ཆུ་མདོག་འགྱུར་བྱེད་ཀྱི་ཟས་དང་སྐོམ་སྨན་སོགས་འཛེམས་སྤང་དགོས་པ། སྐོམ་པར་མི་སྡོད་པར་སྐོམ་མང་དུ་མི་འཐུང་ཞིང་སྐོམ་མང་དུ་འཐུང་ན་ཆུ་དུས་སུ་མི་ལྡོག་པའི་སྐྱོན་འཁྲིད་ཡོང་བ་ཡིན། མ་ཚད་ཉལ་པོ་དོར་བ་སོགས་གནང་ནས་དུས་སུ་བཏང་བའི་ཆུ་སྟེ། ནམ་ཕྱེད་ཡན་ཆད་ཀྱི་ཆུ་སྔར་ཉིན་གྱི་ཟས་སྐོམ་དང་འདྲེས་པས་ཕོས་ལ་ནམ་སྨད་སྔར་ཉིན་གྱི་ཟས་སྐོམ་དང་མ་འདྲེས་པར་ལྟོ་སྟོང་པའི་སྐབས་ཀྱི་ནད་ཆུ་བསགས་ཏེ་བརྟག་དགོས་པ་ཡིན་ནོ། །
བལྟ་དུས་དྲི་ཆུའི་མདོག་དང་རླངས་པ་ཀུ་ཡ་སོགས་བརྟག་པའི་ཕྱིར། ཞོགས་པ་སྣོད་ལ་ཉི་མའི་མདངས་འོད་ཕོག་པ་དང་དུས་མཉམ་དུ་ནད་རྣམས་མ་འཁྲུགས་སོ་སོར་བརྟག་དགོས་པ་ཡིན་ཏེ། ༦ མཁས་མང་བགྲོས་པའི་སོ་མ་ར་ཙ་ལས། རི་ཡི་རྩེ་ལ་ཉི་ཤར་ཞིང༌། སྣང་བ་ཡོད་པའི་ཕྲུམ་མཐིལ་དུ། ནད་ལ་སོགས་པ་སོ་སོར་བརྟག ཞེས་གསུངས་པས་སོ། །
ཆུ་བརྟག་སྣོད་ནི་བརྟག་བྱའི་དྲི་ཆུ་དེ་རང་མདོག་མི་འགྱུར་བའི་སླད་དུ་དཀར་ཡོལ་དང་འཁར་བ་དཀར་པོའི་གཞོང་པ་གཡའ་སོགས་ཀྱི་དྲིས་མ་འགོས་པ། ལྷག་པར་དེང་སང་ཤིན་ཏུ་འབེལ་བའི་ལྕགས་སྣོད་རྩི་དཀར་ཅན་སྣ་ཚོགས་པས་ཆོག་པར་སྣང༌། དེ་མིན་རྫ་ཟངས་རག་གན་བཅས་དམར་བ་དང་ནག་པ་སེར་བ་དག་མི་རུང་བར་རྣམ་པ་ཀུན་ཏུ་སྤངས་དགོས་པ་དང༌། མཐུན་རྐྱེན་མ་འགྲིག་པའི་སྐབས་སུ་རྩྭ་འཇག་མ་དང་སོག་མ་དཀར་པོ་དག་གིས་བརྟག་རུང་བའང་བཤད་དོ། །
གསུམ་པ། ཆུ་ལ་བརྟག་དགོས་པའི་རྒྱུ་མཚན་གླེང་བ།
ནད་ངོས་འཛིན་པ་ལ་བལྟ་རེག་དྲི་གསུམ་ཡོད་པ་ལས་མཐོང་བ་ཆུ་ལ་བརྟག་དགོས་པའི་རྒྱུ་མཚན་ནི་སྨན་འབུམ་དཀར་པོ་ལས། ༧ མཐོང་བ་ཆུ་ཡིས་ནད་ངོས་བཟུང་བ་ནི། །མངོན་དུ་གསལ་བའི་མེ་དང་དུད་པ་འདྲ། །ཐབ་ཀྱི་མེ་ལས་འབྱུང་བའི་དུད་པ་ལྟར། །ནད་ཀྱི་ཐོག་ནས་འོང་བའི་ཆུ་ཡིན་པས། །མཐོང་བ་ཆུ་ཡིས་ནད་ངོས་བཟུང་བ་སྟོན། །ཞེས་དང༌། ཕྱི་མ་རྒྱུད་ལས། ཀུ་ཡ་ཁྲག་མཁྲིས་གནས་ནས་འབྱུང་བའི་ཕྱིར། །ལུས་ལ་ཚ་གྲང་གང་ཡོད་ཆུ་ལ་གསལ། །དཔེར་ན་ཚོང་པས་ཚོང་འདུས་གཏམ་བརྗོད་བཞིན། །ཞེས་དང༌། སྤྱིར་ན་དོན་ནད་རྩ་གསལ་སྣོད་ནད་ཆུ། །ཞེས་དང༌། འཚོ་འཆིའི་ལ་ཤན་རྩ་ཡིས་འབྱེད་ན་ཡང༌། ཚ་གྲང་ལ་ཤན་ཆུ་ལ་མཐོང་བས་གསལ། །ཞེས་དང༌། ནད་གཞིའི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་སེལ། །རྟགས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་ཀྱིས་སེལ། །བཅོས་ཀྱི་ལྟར་སྣང་འཁྲུལ་སོ་སྐྱེད་ཀྱིས་སེལ། །བཅོས་སྐྱེད་ལྟར་སྣང་འཁྲུལ་སོ་ཆུ་ཡིས་སེལ། །ཆུ་མདོག་ལྟར་སྣང་འཁྲུལ་སོ་ཀུ་ཡས་སེལ། །དེ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད། །ཅེས་དང༌། སྨན་སྦྱོར་སྟོང་རྩ་ཚ་གྲང་གལ་མདོའི་ལེའུ་ལས། ཚ་བ་གྲང་བ་ལྟར་སྟོན་གྲང་བ་ཉིད། །ཚ་བ་ལྟར་སྣང་གང་འདྲ་ཤར་ན་ཡང༌། །བཅོས་སྐྱེད་ལྔ་ཡིས་འདི་ཡི་འཁྲུལ་སོ་བསལ། །ཅེས་སོགས་དུ་མར་གསུངས་པས་ཆུ་བརྟག་རིག་པ་འདིས་དུ་བ་མཐོང་བ་དང་མེ་ཡོད་པར་ཤེས་པ་དང་དུ་བ་གང་དུ་ཡོད་ན་མེ་ཡང་དེར་ཡོད་པ་ཤེས་པ་ལྟར་དང་ཚོང་པས་ཚོང་འདུས་ཀྱི་གཏམ་བརྗོད་པ་བཞིན་ནང་དོན་སྣོད་དང་ལྷག་པར་སྣོད་ནད་ཀྱི་གནས་ཚུལ་རྣམས་རྟོགས་པར་འགྱུར་བ་དང༌། ནད་ཚ་གྲང་གང་ཡིན་གྱི་ལ་ཤན་ཆུ་ལ་བརྟག་ནས་དབྱེ་ཐུབ་ཅིང་ལྷག་པར་ཀུ་ཡ་མང་ཉུང་སོགས་ཀྱིས་རྟོགས་ཐུབ་པ་ཡིན། མ་ཟད་ལྟར་སྣང་ལྔ་ཕྲུགས་ཀྱི་བརྟག་ཐབས་སྤྱད་པས་ཚ་གྲང་ནད་ཀྱི་འཁྲུལ་སོ་མ་ནོར་བར་བསལ་ཐུབ་པའོ། །ད་དུང་འཆི་ཆུ་དང་གདོན་ཆུ་སོགས་བོད་རིགས་ཀྱི་སྲོལ་རྒྱུན་དད་མོས་དང་འབྲེལ་ནས་མང་དུ་བརྟག་ཐུབ་པ་དང་དེ་ལྟར་བརྟགས་པས་ཕྱོགས་གཅིག་ནས་སྐབས་དོན་ནད་གང་ཡིན་རྟོགས་ཐུབ་པའི་དགེ་མཚན་ཆེ་བ་དང༌། ཕྱོགས་གཞན་ཞིག་ནས་ནད་པའི་སེམས་ཁམས་ལ་ཡིད་ཆེས་རྙེད་པར་འགྱུར་བ་མ་ཟད་དེ་མིན་བོད་ཀྱི་གསོ་བ་རིག་པའི་བལྟ་རེག་འདྲི་གསུམ་གྱི་རིག་པ་དག་ཆ་ཚང་པོའི་ལམ་ནས་རྒྱུད་འཛིན་སྤེལ་གསུམ་ངོ་མ་ཞུ་ཐུབ་པར་འགྱུར་བ་བཅས་སོ། །
བཞི་པ། དངོས་གཞི་ལག་ལེན་བསྟར་ཚུལ་དང་སྐབས་དོན་མཇུག་བསྡུ་བ།
དྲི་ཆུ་དངོས་སུ་བརྟག་སྐབས་དྲི་ཆུའི་ཁ་དོག་དང་རླངས་པ། དྲི་མ་མེ་ཏོག ཀུ་ཡ་བཅས་ལ་གཙོ་བོར་བརྟག་པ་དང་དེ་ལའང་དུས་གསུམ་ཚན་དེ་ངད་ཡལ་གྲང་བ་བཅས་རིམ་པ་གསུམ་དུ་དབྱེ་ནས་བརྟག་གནང་བ་ཡིན། དེའི་ནང་ནས་ལག་ལེན་ཐོག་རྒྱུགས་ཆེ་ཤོས་ནི་ཚན་དེའི་དུས་སུ་མདོག་རླངས་དྲི་མ་མེ་ཏོག་ལ་ལྟ་བའི་གོམས་གཤིས་འཛིན་ཚུལ་གནང་མཁན་མང་བ་དང༌། དེ་ནས་ངད་ཡལ་དུས་སུ་ཀུ་ཡ་སྤྲིས་མ་བརྟག་མཁན་ཡང་མི་ཉུང་བ་ཡོད་པ་དེ་ཡིན། གྲང་ནས་ལྡོག་དུས་ལྡོག་ཚུལ་ལོག་རྗེས་སོགས་དམིགས་སུ་བཟུང་ནས་བརྟག་མཁན་ནི་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་ཡི་ཟླ་རུ་མངོན་སུམ་དུ་གྱུར་ཟིན། དེང་སང་འཚོ་བྱེད་ཕལ་ཆེར་ཚན་དེའི་དུས་སུ་བརྟག་ཁུལ་གནང་མཁན་ཡིན་ནའང་དོན་དངོས་བརྟག་བྱའི་ཆུ་དེ་གྲང་མོ་ཆགས་ཟིན་པ་ཤ་སྟག་ཏུ་མཐོང་བས་མདོག་དང་ལྦུ་བ་ཙམ་བརྟག་ཐུབ་པ་ལས་རླངས་པ་དང་དྲི་མ་སོགས་བརྟག་མི་ཐུབ་པར་སྣང་བས་རང་བཞིན་གྱིས་འགལ་ཟླ་ཞིག་སླེབས་ཡོང་བ་ཡིན། དེས་ན་གསོ་རིག་གཞུང་གི་དགོངས་དོན་ལྟར་ཚན་དེའི་དུས་སུ་བལྟ་ཐུབ་པ་ངེས་པར་དུ་འབད་དགོས་པར་མཐོང་ཏེ། ཕྱི་ལུགས་གསོ་བ་རིག་པས་གཅིན་པའི་རྒྱུན་ལྡན་བརྟག་དཔྱད་གནང་ཏེ་གནད་དོན་འཚོལ་སྐབས་རྣམ་གྱུར་ནད་པ་དེ་ཉིད་ལམ་སེང་གཅིན་པ་གཏོང་དུ་བཅུག་སྟེ་ནད་ཡོད་མེད་བརྟག་ཐུབ་པ་བཞིན་རང་རེ་བོད་ལུགས་འཛིན་པས་དམིགས་བསལ་གྱི་དུས་ཏེ་ཞོགས་པ་སྣོད་ལ་ཉི་མདངས་བྱུང་དུས་གཏམ་དགོས་པ་ལས་གཞན་སྔོན་འགྲོ་ཚུལ་བཞིན་འབྱུང་ཐུབ་ན་དཀའ་ཚེགས་དེ་ཙམ་མི་ཆེ་བར་སྙམ། ཕྲན་གྱིས་ཤེས་གསལ་ལྟར་ན་དེ་སྔོན་གཡུང་དྲུང་རྒྱལ་བ་རིན་པོ་ཆེས་རྣམ་གྱུར་ནད་པ་གྲངས་ལས་འདས་པ་གཟིགས་དུས་ཆུ་ལ་བརྟག་སྐབས་ནད་པ་དེ་ཉིད་ཟས་སོགས་མ་བཟས་པར་ཞོགས་པ་ཉི་མ་ཤར་རན་དུས་ཡོང་དུ་བཅུག་ནས་སྐར་མ་བཅུ་ཙམ་ངལ་གསོས་རྗེས་ཉི་མ་ཤར་བ་དང་ལྷན་དུ་དྲི་ཆུ་བརྟག་སྣོད་དུ་གཅིན་པ་གཏོང་དུ་བཅུག་ནས་ལམ་སེང་མདོག་རླངས་དྲི་མ་སོགས་ལ་བརྟག་པ་དང༌། ཅུང་ཟད་གྲང་རྗེས་ཀུ་ཡ་དང་སྤྲིས་མ་སོགས་ལ་བརྟག་གནང་གིན་འདུག དེ་ནི་རང་ལུགས་གསོ་བ་རིག་པའི་དགོངས་དོན་དང་མཐུན་པ་དང་ལག་རྩ་སོགས་ལ་འདི་དུས་བརྟག་ཆོག་པ་བཅས་ནད་ངོས་བཟུང་རྒྱུར་ཕན་ཐོགས་ཆེ་བར་མཐོང༌། དུས་རྒྱུན་ཀུ་ཡ་མང་ཉུང་བརྟག་སྐབས་རྡེའུ་ནག་པོ་དྲི་ཆུའི་ནང་དུ་བཞག་ནས་བརྟག་སྲོལ་ཡོད་ཀྱང་དེང་སང་འཚོ་བྱེད་རྒན་གྲས་འགའ་ཡིས་བརྟག་སྤྱད་ཐུར་མའི་སྣེ་མོར་ཞེན་རྡོག་དང་ཞེན་ལེབ་བཏགས་ནས་དྲི་ཆུ་དཀྲུགས་ཞོར་ཀུ་ཡ་བརྟག་ཐུབ་པའི་ཐབས་ཤེས་བཟང་པོ་སྤྱོད་བཞིན་ཡོད་པར་ཐོས་པས་ངོ་མ་རིག་པ་སྐྱེན་པོ་ཞིག་རེད་སྙམ། ད་དུང་དེང་སང་བཟོ་ལས་ཡར་རྒྱས་ཕྱིན་པའི་སྐབས་འདིར་བརྟག་སྣོད་དེ་ཉིད་སྲིད་པའི་རུས་སྦལ་གན་རྐྱལ་དུ་ཉལ་བའི་དབྱིབས་སུ་བཟོས་ཏེ་ནང་དུ་ལིང་ཚེ་དགུ་པོའི་རེའུ་མིག་བཀོད་ནས་ལག་ལེན་དུ་བཀོལ་ན་གདོན་ཆུ་བརྟག་པ་སོགས་ལ་དེ་བས་མཁོ་གལ་ཆེ་སྙམ། མདོར་ན་བོད་ཀྱི་གསོ་བ་རིག་པའི་ལག་ལེན་རྣམས་ཆ་ཚང་པོར་གནས་ཆེད་དང་འགྲོ་བ་ནད་པའི་དོན་ཆེན་སྒྲུབ་ཕྱིར་ལས་ཀ་ཉུང་ཐབས་དང་ཡོང་སྒོ་མང་ཐབས་ཁོ་ནའི་དབང་དུ་ཤོར་མ་སོང་བར་ཆུ་བརྟག་རིག་པ་སོགས་ལག་ལེན་མང་པོ་ཞིག་སླར་གསོན་ཤུགས་རྒྱས་ཐབས་སུ་གནང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ལྟ་བུར་མཐོང་བས་བོད་གསོའི་འཚོ་བྱེད་ཡོངས་ནས་ཁོར་ཡུག་གང་འདྲ་ཞིག་དང་གནས་བབ་གང་འདྲ་ཞིག་འཕྲད་ཀྱང་ང་ཚོའི་རྩ་དོན་མི་བརླག་རྒྱུའི་རེ་བ་སྙིང་དབུས་ནས་ཆེ་ཞུ། དེ་ལྟར་གནང་ཐུབ་ཚེ་འཛམ་གླིང་ཡང་རྩེའི་ཞང་བོད་ལྗོངས་ཀྱི་ཚེ་རིག་འཛིན་པ་ཡོངས་ནས་ནམ་མཁའ་དང་མཉམ་པའི་ཕན་ཡོན་གྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་ཚེ་སྲོག་དང་བདེ་ཐང་ལ་ཞབས་འདེགས་སྒྲུབ་ཐུབ་ངེས་སོ། །
སྨྲས་པ། ངོ་མཚར་མཐོང་བ་ཆུ་ལ་དཔྱད་པའི་འཕྲུལ།
།བསླུ་མེད་ནད་ཅན་བདེ་བའི་གྲོགས་སུ་སྨོན།
།གཞན་ཕན་འཚོ་བྱེད་ཡོངས་ཀྱི་ལག་ལེན་དུ།
།ལུས་དང་གྲིབ་བཞིན་བསྟར་བའི་འཕྲིན་ལས་མཛོད། །མུ་ཙུག་སྨར་རོ། །
དཔ