
གེ་སར་གྱི་སྒྲུང་ཡིག་ལས་འཕྲོས་པའི་གཏམ།
དགེ་བཤེས་གཡུང་དྲུང་བསྟན་རྒྱལ།
གེ་སར་སྒྲུང་ཡིག་ཞེས་པའི་བརྩམས་སྒྲུང་འདི་ལ་དེང་གི་དུས་སུ་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཁག་གསུམ་ཙམ་ཡོད་པ་སྟེ། ༼གཅིག།༽ བན་དེ་ཁག་ཅིག་གིས་གེ་སར་ཟེར་བ་ཞིག་དངོས་སུ་བོད་པའི་ས་གཞིའི་སྟེང་དུ་བྱུང་བར་འདོད་པ། ༼གཉིས ༽ ཁག་ཅིག་གིས་དེ་ཉིད་ལྷ་སྒྲུང་དུ་ངོས་འཛིན་བྱེད་པ་དང་ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཁུལ་ལས་བྱུང་བར་འདོད་པ། ༼གསུམ།༽ ཁག་ཅིག་གིས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སློབ་དཔོན་པད་འབྱུང་དང་བྷོ་ཏི་ས་ཏོ་གཉིས་ལ་བརྟེན་ཏེ་རྒྱ་གར་ནས་ཐུབ་བསྟན་ནང་འདྲེན་བྱས་པར་བརྒྱུད། བོད་གངས་ཅན་གྱི་ལྗོངས་འདིར་ཆེས་དར་སྔ་བའི་གཡུང་དྲུང་བོན་གྱི་གྲུབ་མཐའ་དང་། གསར་དུ་འབྱོར་བའི་དམ་ཆོས་གཉིས་ཀྱི་དབར་ལ་འགལ་ཟླའི་འགྲན་རྩོད་རྣོ་ངར་ལྡན་པ་ཞིག་བྱུང་ཡོད། དེ་ནས་བཟུང་བོན་བན་གཉིས་པོའི་གྲུབ་མཐའི་འཁོན་འཛིན་གྱི་གཏམ་གླེང་དང་རྩོམ་ཡིག་མི་ཉུང་བ་ཞིག་བྱུང་ཡོད་པའི་ནང་ནས་གེ་སར་གྱི་སྒྲུང་ཡིག་འདི་དེའི་ཁོངས་སུ་གཏོགས་པའི་བོན་ལ་དམའ་འབེབས་ཧ་ཅང་ཆེ་བའི་བརྩམས་སྒྲུང་ཞིག་ཡིན་པར་འདོད་པ་རྣམས་སོ།
༧ཞེ་འདོད་དང་པོ་ལྟར་ན། དེང་སྐབས་སུ་བན་དེའི་བླ་སྤྲུལ་ཆེ་ཁག་རྣམས་གེ་སར་གྱི་སྒྲུང་ཡིག་དང་སྦྱར་ཏེ་ངོས་འཛིན་བྱེད་ཚུལ་ནི། ཏྭ་ལའི་བླ་མའི་སྐུ་ཕྲེང་རྣམས་ནི་གེ་སར་གྱི་སྤྲུལ་པ་རུ་འདོད་པ་དང་། པཎ་ཆེན་རིན་པོ་ཆེ་ཡང་གེ་སར་གྱི་བཞོན་པར་གྱུར་བའི་རྟ་རྐྱང་ངུ་། ས་སྐྱ་གོང་མ་ནི་སྣང་ངུ་གཡུ་རྟགས། ཀརྨ་པ་སྤྱི་དཔོན། ཉེ་ཆར་གསེར་རྟའི་མཁན་པོ་འཇིགས་མེད་ཕུན་ཚོགས་འདན་སྲས་གཡུ་འོད་འབུམ་མེ་ཡིན་པ་སོགས་བན་དེ་བླ་སྤྲུལ་ཆེ་ཁག་རྣམས་ནི་གླིང་གི་དཔའ་རྟུལ་ཚོ་དང་སྦྱར་དེ་གཏམ་རྒྱུད་ཁེ་མཚར་པོ་འགའ་རེ་བཤད་རྒྱུ་འདུག་ཀྱང་། དོན་དུ་དེ་ལྟར་མིན་པར་སེམས་སྟེ། གང་ལགས་ན། བོད་ཀྱི་བན་དེའི་བླ་སྤྲུལ་དེ་དག་སྐུ་ཡི་སྐྱེ་རབས་རྣམ་ཐར་དེ་ཉིད་ལྷ་སྒྲུང་ལྟ་བུར་ངོས་འཛིན་གསལ་པོ་མེད་པ་ཞིག་ཏུ་རློམ་མི་རུང་ལ། ཁོང་རྣམ་པའི་སྐུ་འཕྲེང་རབ་དང་རིམ་པ་དེ་བསྟན་དང་འགྲོ་བའི་དོན་ཆེན་ཁུར་དུ་འདེག་མཁན་ཤ་སྟག་ཞིག་ཡིན་པ་ལས། ཕུགས་རྩ་འདི་ཡིན་གང་ཡིན་མེད་པའི་ལྷ་སྒྲུང་ནང་བཞིན་ཞིག་རྩ་བ་གཉིས་ནས་ཡིན་སྲིད་ཀྱི་མ་རེད། གེ་སར་གྱི་སྒྲུང་ཡིག་འདི་ནི་རྫོགས་པའི་སངས་རྒྱས་སུ་དང་གང་གི་རིང་ལུགས་ལ་གོ་བསྡུར་ཞིག་བྱས་པ་ཡིན་ན་དེ་དག་ལ་མཐུན་ཐབས་ཤིག་གཏན་ནས་ཡོད་པ་མ་རེད། དཔེར་ན་རྫོགས་པའི་སངས་རྒྱས་ཀྱི་གསུང་ལ་འགྲོ་དྲུག་གི་སེམས་ཅན་སུ་ཡིན་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་བྱེད་པ་ལ། གང་ཟག་དེའི་སྒོ་གསུམ་རྣལ་དུ་འབེབས་ཐབས་དང་། རང་རྒྱུད་དུ་ཞེན་པའི་སྒྲིབ་པ་གཉིས་སྦྱོང་དགོས་པ་དང་། ཚོགས་རྣམ་པ་གཉིས་ཀྱང་བསགས་དགོས་སོ། དེ་བཞིན་དུ་སྡིག་བཅུ་སྤང་། དགེ་བཅུ་སྒྲུབ་དགོས་པ་གཞིར་བཞག་ཡིན་མོད། མི་དགེ་བཅུ་ཡི་ནང་དུ་སྡིག་ཚབ་ཤིན་ཏུ་ཆེ་བའི་ཁྱོད་ཤི་ང་གསོན་བྱེད་པའི་སྲོག་གཅོད་ཀྱི་བྱེད་པ་ལས་བྱུང་བའི། གསོད་རེས་གཏུབ་རེས་བྱེད་པའི་ལམ་ལུགས་འདི་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེ་མཆོག་དང་། སངས་རྒྱས་བཅོས་ལྡན་འདས་གཉིས་ཀྱི་བསྟན་པའི་ནང་དོན་ལ་ཡོངས་སུ་འགལ་བ་རེད། དེར་བརྟེན་གེ་སར་གྱི་སྒྲུང་ཡིག་ལས་གསལ་བ། སྔ་དྲོ་གསོད་པའི་ཤན་པ་དང་། ཕྱི་དྲོ་འདྲེན་པའི་བླ་མ་ཡིན། ཞེས་པའི་ཁུངས་མེད་ཀྱི་བླུན་གཏམ་དེ་ནི། ཕྱི་རོལ་པའི་སྟོན་པ་སུ་ཡི་ལུགས་སྲོལ་ལམ། ཡང་ན་ལྷ་འདྲེ་གདོན་བགེགས་གང་གི་ལམ་ལུགས་ཤིག་ཡིན་ན་མ་གཏོགས། ནང་པ་སངས་རྒྱས་པའི་༧གཤེན་༧ཤཀ་༧རྣམ་པ་གཉིས་པོའི་ལུགས་སྲོལ་མ་ཡིན་པ་སུས་ཀྱང་ཧ་གོ་སླ་བོ་རེད་མོད།
༧ཞེ་འདོད་གཉིས་པ་ལྟར་ན། ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཁུལ་དུ་བྱུང་བའི་བྱ་སྤྱོད་ཞིག་མིན་པར་བསམ། ལྷ་སྲིན་སྡེ་བརྒྱད་ཀྱིས་ཀྱང་གཡུང་དྲུང་གི་བོན་ལ་འཁོན་འཛིན་བཟུང་ཏེ་བོན་ལ་དམའ་འབེབས་དང་ཟུར་ཟ་བྱེད་དགོས་དོན་དེ་བས་ཀྱང་མེད་དེ། དཔེར་ན་བོད་ཁམས་འདི་ཉིད་ལ་གནས་པའི་ལྷ་ཀླུ་གཞི་བདག་གི་གཙོ་བོ་ཡིན་པའི་མགུར་ལྷ་བཅུ་གསུམ་དང་བརྟན་མ་བཅུ་གཉིས་རྣམས་ནི། གཡུང་དྲུང་གི་བོན་དང་ཐ་དམ་སྔ་བར་བརྟེན། བོན་གཤེན་གྱིས་བོས་ན་འོང་བ། རྦད་ན་འགྲོ་བ། མངགས་ན་ཅི་བཅོལ་གྱི་ལས་བྱེད་པ་སོགས་མངོན་སུམ་དུ་གྲུབ་ཡོད་དེ། བོད་རྗེ་ཁྲི་སྲོང་གིས་བོད་ཡུལ་དུ་བོན་ཆོས་བསྣུབ་པ་མ་ཚད། ཞང་ཞུང་གི་རྒྱལ་པོའི་བཙུན་མོ་ཆུང་བ་དེ་ཡང་བསླུ་ཉོའི་མགོ་བསྐོར་ལ་བརྟེན་ཏེ་གཡོ་འོག་ཏུ་བཙུད་པ་དང་། ཞང་རྒྱལ་བཀྲོངས་ཤིང་ཞང་ཞུང་དུ་བོན་ཆོས་བསྣུབ་པའི་རྐྱེན་སོགས་ལས། ཞང་བོད་མཐོ་སྒང་གི་ལྷ་ཀླུ་སྡེ་བརྒྱད་རྣམས་མ་དགའ་བར་བོད་ལ་ནད་ཡམས་མུག་གེ་སོགས་དར་བའི་སྐབས་སུ། མོ་རྩིས་ཀྱི་ལུང་ལས་བོན་བསྣུབ་དབུ་ཡོག་ཡིན་ཟེར་བའི་ལུང་ཚིག་བྱུང་བར་བརྟེན། བོད་རྗེས་ཀྱང་གནམ་མཚོའི་དོ་གླིང་ལ་བཞུགས་པའི་བོན་གྱི་གྲུབ་ཐོབ་ཆེན་མོ་སྟོང་རྒྱུང་མཐུ་ཆེན་གདན་འདྲེན་ཞུས་ཏེ་སྔར་འགྱོད་ཕྱིར་སྡོམ་བྱེད་པའི་དམ་བཅའ་ཕུལ་བ་ལས། སྟོང་རྒྱུང་མཐུ་ཆེན་གྱིས་ལྷ་སྲིན་སྡེ་བརྒྱད་འཁྲུགས་པ་སྡུམ་བྱེད་དུ་བརྔན་བསང་ཆེན་མོ་ཞེས་པའི་ཆོ་ག་ཞིག་བརྩམས་གནང་མཛད་པས། བོད་ཡུལ་དུ་ནད་མུག་གི་རྒྱུན་ཆད་དེ་བོད་ཁམས་ལ་བདེ་སྐྱིད་བྱུང་བའི་ལོ་རྒྱུས་ཡོད་པ་དང་། མ་ཟད་ཆོས་གཞུང་གི་ཆོ་ག་དེ་དག་ནི་དེང་སྐབས་སུའང་བོད་མིས་བེད་སྤྱོད་བྱེད་བཞིན་པའི་སྐབས་ཡིན་ལ། ཆོ་ག་དེ་དག་གི་མིང་ལ་ཡང་སྟོང་རྒྱུང་བརྔན་བསང་ཟེར་བ་དེང་དུས་བོན་གཞུང་ནང་དུ་དངོས་སུ་གནས་ཡོད། རྒྱུ་མཚན་འདི་ལ་བསམ་ན་ལྷ་སྲིན་སྡེ་བརྒྱད་ཀྱིས་བོན་ལ་འཁོན་འགྲས་བཟུང་དགོས་དོན་རྩ་བ་ནས་མེད་དོ་སྙམ།
༧ཞེ་འདོད་གསུམ་པའི་དགོངས་དོན་འདི་ལ་ཧ་ཅང་གི་གོ་བ་ལེན་རྒྱུ་ཞིག་འདུག་ཏེ། དཔེར་ན་དེང་སྐབས་སུ་མཐོང་རྒྱུ་ཡོད་པའི་གེ་སར་སྒྲུང་ཡིག་ཚང་མའི་ནང་དོན་ལ་བརྟགས་ན། ཤུགས་ཆེ་ཆུང་ཙམ་མ་གཏོགས་བོན་ལ་སྨད་པའི་རྩོམ་ཡིག་ཤ་སྟག་ཞིག་རེད་འདུག །གླིང་ཟེར་བའི་གེ་སར་གྱི་ཁ་ཕྱོགས་ལ་ཡོད་པ་ཐམས་ཅད་ནི་ཨོ་རྒྱན་པད་མའི་འཕྲིན་ལས་དང་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་སྤྲུལ་ཡིན་པ་དང་། དེ་དག་རྣམས་ནི་ལྷ་རིགས་སམ་ཡག་པོའི་ཕྱོགས་སུ་ཡིན་རབས་བསྟན་ཡོད་པ་དང་། དེ་དག་གི་དགྲ་ཟླའམ་འགྲན་ཡ་ཐམས་ཅད་བོན་པོའི་ཆོས་ལུགས་སྤྱོད་པ་དང་། དེ་ཚོ་ནི་བདུད་རྒྱལ་དང་བདུད་བློན་བདུད་ཡུལ་སོགས་ཀྱི་ཐ་སྙད་བཏགས་པར་བྱས་ཡོད། དཔེར་ན་ཧོར་གླིང་གཡུལ་འགྱེད་ལ་མཚོན་ན། ཧོར་ཡ་མུན་བླ་མ་འགུ་རུ་ཟེར་བ་དེ་དང་། ཨ་བོན་འཕྲུལ་གྱི་བླ་མ། མི་བོན་འཕྲུལ་གྱི་བོན་པོ་སོགས་བོན་བསྟན་འཛིན་པའི་བླ་མ་ཡིན་དགོས་པ་དང་དེ་དག་ནི་བདུད་སྤྲུལ་ཡིན་རབས་བཤད་པ། ཡང་བོན་བསྟན་དར་ཡུལ་ཞང་ཞུང་བར་པའི་ཡུལ་དེ་ལ་ཡང་། ཡར་ཁམས་བྱང་མའི་རི་རྒྱུད་འདི། མི་བདུད་ཀླུ་བཙན་རྒྱལ་པོའི་མངའ་ཁོངས་ཡིན། ཞེས་པའི་འགྲེལ་བཤད་བྱེད་པ་དང་། དེའི་ཁོར་ཡུག་ཐམས་ཅད་ལ། བདུད་མཁར་ཤ་རི་གནམ་རྫོང་། བདུད་མཁར་ལྕགས་ར་བརྩེགས་དགུ། ཟེར་བ་དང་། བོན་གྱི་གཏེར་སྲུང་ཡུམ་སྲས་སྡེ་ལྔའི་ནང་ཚན་མི་བདུད་འབྱམས་པ་ཁྲག་མགོའི་གནས་རི་ཡིན་པའི་ནམ་ར་ཞེས་པའི་རི་བོ་དེ་ཉིད་ལ། བྱང་སྟོད་ཇོ་བོ་ནམ་ར་དེ། བདུད་ཀླུ་བཙན་རྒྱལ་པོའི་བླ་རི་རེད་ཟེར་བ་སོགས་དང་། དེ་བཞིན་དུ་སྒྲུང་ཡིག་གང་ཡིན་ཡང་གླིང་གི་དགྲ་བོ་ཡིན་པ་ཐམས་ཅད་ནི་གོང་གསལ་ལྟར་བོན་པོའི་ཆོས་ལུགས་སྤྱོད་པ་ཤ་སྟག་ཡིན་ལུགས་ཀྱི་ནང་དོན་བསྟན་ཡོད། དཔེར་ན་བོན་བསྟན་དམའ་འབེབས་ཆེ་བའི་སྒྲུང་ཡིག་ཁག་ཅིག་ནི། ཞང་གླིང་གཡུལ་འགྱེད། སྟག་གླིང་། ཁ་གླིང་། སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་སོགས་ཀྱི་སྒྲུང་ཡིག་འདི་རྣམས་གྲུབ་མཐའི་འཁོན་འཛིན་གྱི་ཚིག་རྩུབ་དམར་རྗེན་དུ་བཏང་བ་དང་། ཧ་ཅང་གི་ཐལ་དྲགས་པའི་བོན་ཆོས་ལ་གཤེ་བསྐུར་བཏབ་པའི་བརྩམས་སྒྲུང་ཞིག་རེད་འདུག། ཉེ་ཆར་སྒྲུང་པ། ༼འཇམ་དབྱངས་འོད་ཟེར་དང་། སྐལ་བཟང་ཉི་མ་ཟེར་བ་གཉིས་ཀྱིས་བརྩམས་པ་དང་།༽ མཚོ་སྔོན་གེ་སར་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼སྟག་གཟིག་འོལ་མོ་ལུང་རིང་༽ཟེར་བའི་སྒྲུང་ཡིག་ཞིག་ཐོན་འདུག་པས། དེ་ལ་དཔྱོད་ལྡན་རྣམས་ཀྱིས་གཟིགས་དཔྱད་ལེགས་པར་གནང་ན་མངོན་སུམ་འཛེམས་མེད་ཀྱི་སྒོ་ནས་གྲུབ་མཐའི་ཆགས་སྡང་དབང་གིས་ཁུངས་དང་ལུང་མེད་པའི་རྫུན་གཏམ་གྱི་གདོང་རིས་ཤིག་དམར་རྗེན་དུ་མངོན་ཡོང་གི་འདུག །དེའི་ནང་དོན་ལ་འཁོད་པ། བོན་པོའི་འདོད་ཚུལ་གྱི་དག་ཞིང་འོལ་མོ་ལུང་རིང་ཞེས་པའི་གནས་དེ་ནི། བན་དེ་རྣམས་ཀྱིས་ཤམ་བྷ་ལ་ཡི་གནས་མཆོག་ཞེས་པ་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ལུང་རིགས་ཀྱིས་མངོན་སུམ་དུ་གྲུབ་ཡོད་དེ། དཔེར་ན་དག་པའི་ཞིང་ཁམས་དེ་ཡི་ཕྱི་གནས་ཀྱི་བཀོད་པ་དང་། ནང་བཅུད་ཀྱི་རྒྱལ་ཁབ་དང་རྒྱལ་ཕྲན། དེ་བཞིན་དུ་ཟད་པ་མེད་པའི་དཀོར་མཛོད་སོགས་ནི། འཛམ་གླིང་གི་རྒྱལ་ཁབ་གཞན་པ་སུ་དང་གང་གིས་བསྡུར་ཐབས་བྲལ་བ་དང་། དེ་དག་ལས་ཁྱད་པར་འཕགས་ཚུལ་གྱི་འགྲེལ་བ་རྒྱག་ལུགས་གཅིག་མཚུངས་སུ་གནས་ཡོད་མོད། སྒྲུང་དེའི་ནང་ལ་འཁོད་པ། ༼ཤོག་གྲངས་༡༣ འོལ་མོ་ལུང་རིང་གནས་མཆོག་ན། གཡུང་དྲུང་བཀོད་པའི་མཁར་ཟངས་ཡོད། བདུད་ཀྱི་མི་དང་གྱད་ཀྱི་མི། བོན་གཤེན་བླ་འོད་དཀར་བདུད་ཀྱི་མི། བོན་གནས་འོལ་མོ་ལུང་རིང་ལ། ཆོས་ལ་སྨད་པའི་བོན་ནག་དེ། བོན་སྒོམ་གཤེན་བླ་འོད་དཀར་ཡོད། འོལ་མོ་ལུང་གི་ས་ཆ་ལ། ཕྱི་ཡི་མཁར་ཆེན་བཞི་ཡིས་བསྐོར། བདུད་བློན་བཞི་དང་བཞི་འབུམ་ཡོད། སྟག་གཟིག་འོལ་མོ་ལུང་རིང་འདི། གདོན་གཟུགས་བོན་གྱི་ཞིང་ས་རེད།༽ཞེས་དང་། ཡང་ཤོག་གྲངས་༡༠༢་ནང་དུ། ༼བོན་དང་དམ་ཉམས་སྙིང་ནས་ཡལ། ཆོས་མིན་བོན་གྱི་སྲོག་དམར་ཟོས། ཕྱི་ཡུལ་ནོར་མཁར་ལེན་བཞིན་འདྲ། ནང་གི་བོན་གནས་མ་ཐུལ་འདུག །ཕྱི་ཡི་རྒྱལ་པོ་ཐུབ་བཞིན་འདྲ། ནང་གི་བོན་ནག་མ་ཐུབ་ཡོད། འོལ་མོ་ལུང་གི་བཀོད་པ་དང་། གཡུང་དྲུང་བཀོད་པའི་མཁར་རྫོང་དེ། བླ་མ་གཤེན་བླ་འོད་དཀར་འདི། བོན་ལ་གྲུབ་པ་ཐོབ་པ་རེད།༽ཞེས་དང་། ཡང་ཤོག་སྡེབ་༡༢༢་ནང་ལ། ༼གནས་མཆོག་འོལ་གླིང་ལྷ་ཡི་ཞིང་། གསང་ཆེན་སྦས་ཡུལ་ཡང་བཀོད་འདི། བོན་སྐྱོང་བཞི་ཡིས་སྲུང་མདའ་ཡོད། དབལ་སྲས་དྲག་པོས་བྱིན་གྱིས་རླབས། གཡང་ཅན་ལྷ་ཡི་གཡང་གནས་ལ།༽ ཞེས་དང་། ཡང་ཤོག་སྡེབ་༡༨༢ ལས། ༼བོན་སྲུང་སྲིད་པའི་རྒྱལ་མོ་དེའི་འཁོར་དུ་དཔའ་མོ་མང་པོས་ལག་ན་ཐོག་ཉི་མ་ཙམ་དགུ་རེ་བཟུང་ནས། ཞེས་དང་། དབལ་སྲས་གྲགས་པའི་སྲུང་མ་ཡིན། མ་མོ་སྲིད་པའི་རྒྱལ་མོ་ཡིན། གླིང་གེ་སར་རྐུ་ཇག་ཁྲམ་འདུག་བྱས། འོལ་མོ་ལུང་རིང་དམག་གིས་བཀང་། བོན་གཡུང་དྲུང་ལྷ་ལ་མཐུ་མེད་ཟེར། ང་སྲིད་པ་བོན་གྱི་སྲུང་མ་ཡིན། ཁམས་གསུམ་སྲོག་གི་བདག་མོ་ཡིན། ཞེས་སོགས་དཔའ་ལ་དང་སྲིད་རྒྱལ་གཉིས་རྩལ་འགྲན་ཚུལ། སྲིད་རྒྱལ་གྱིས་ཐོག་ཉི་མ་ཙམ་ཞིག་བཅུ་གཉིས་དཔའ་ལ་ལ་འཕངས་པས། དཔའ་ལས་དེ་དག་ནི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོགས། མདའ་གཞུ། རལ་གྲི། རྡོ་རྗེ། སོགས་བཟོས་ཏེ། གླུ་ལེན་ངག་འགུག་གྲུབ་མཚམས་སུ། ཞགས་པ་སྲིད་རྒྱལ་སྐེ་ལ་ཐེབས། ལྕགས་ཀྱུས་སྙིང་ལ་ཟིན། དམ་ལ་བཏགས་ཚུལ་སོགས་བཀོད་འདུག།༽ཡང་ཤོག་གྲངས། ༡༩༩ལས། ༼སྟག་གཟིག་འོལ་མོ་ལུང་རིང་འདི། གཡུང་དྲུང་བོན་གྱི་གནས་ཆེན་རེད། ཕྱི་ཡི་བོན་ཆེན་སྲུང་མ་བཞི། ནང་ན་བོན་གྱི་གཞལ་མེད་ཁང་། བསྟན་སྲུང་གཏེར་ཆེན་བརྒྱད་པོ་འདི། སྔོན་ན་བོན་གྱི་སྦས་ནོར་ཡིན། འོལ་མོ་ལུང་རིང་གནས་མཆོག་འདི། བོན་ཆེན་བཀོད་པའི་གཞལ་ཡས་ན། ལྷ་དབང་མི་ཡི་རྗེ་བོ་ལ། བོན་གྱི་གཤེན་ལྷ་འོད་དཀར་དེ། སྔ་མ་ལྷ་ནས་བསྐོས་པ་ཡིན། ད་ལྟ་མི་ཡུལ་གཤེགས་པ་འདི། གོང་མ་བོན་གྱི་ལྟ་བ་རྟོགས། ༽ཞེས་དང་། ཤོག་སྡེབ་༢༩༧ ལ།༼དེ་ནས་རྒྱལ་བློན་མ་ལུས་པ་ཕོ་བྲང་ལ་ཕེབས་ནས་གཟིགས་པས། རིན་ཆེན་མང་པོ་ལས་བྱས་པའི་དྲ་བ་དྲ་ཕྱེད་བཅས་ནོར་བུ་གཡུ་དང་བེེཌཱུརྱ་ལས་བྱས་པ། དེ་ལས་གསེར་དང་ཆུ་ཤེལ། ཨིན་དྲ་ནཱི་ལ་བཅས་དུ་མས་བྱས་པའི་ལུང་ཐག་ཡོད་པ་གྲི་ཡིས་བཅད་དེ་སོ་སོར་ལེན་པར་བྱས་ནས་ཕར་ཕེབས་པས། ཕྱོགས་བཞི་ལ་མཛོད་ཆེན་བརྒྱད་རེ། དེ་ལ་རིན་པོ་ཆེ་སོགས་མདོག་རྣམ་པ་བཅོ་ལྔ།༽ སོགས་རིན་པོ་ཆེའི་དཀོར་མཛོད་མང་པོ་ཞིག་གླིང་གིས་བླངས་རབས་བཀོད་འདུག །གཤེན་ལྷ་གེ་སར་གིས་བཏུལ་ཚུལ་ཤོག་སྡེབ་༣༠༨ནང་འཁོད་པ། ༼སྟག་གཟིག་འོལ་མོ་ལུང་གི་མེ་ཏྲི་གཡུང་དྲུང་ཐང་ལ། མཁར་ཆེན་གཡུང་དྲུང་བཀོད་པའི་ཁང་བཟང་ནི་གྲུ་བཞི་སྒོ་བཞི་ཕྱི་ལ་ལྕགས་རིས་བསྐོར་ནས་ཡོད་པ་དེ་ལ། གྱད་དམག་བཞི་འབུམ་བཞི་ཁྲི་བརྒྱད་བརྒྱ་དང་། གྱད་ཀྱི་བསམ་གཏན་མི་རིང་། གྱད་ཀྱི་གཡུལ་རྒྱལ་ཚངས་པ། གྱད་ཀྱི་གྱད་མི་གཡུང་དྲུང་། གྱད་མི་མཁར་ནག་དབང་ཕྱུག །བདུད་བློན་གཡུང་དྲུང་སྟོབས་ལྡན་དེ་གོང་ལ་བློན་ཆེན་བཅུ་བདུན། འབུམ་དཔོན་བཞི། ཁྲི་དཔོན་བཞི་བཅུ་ཞེ་བཞི་སོགས་ཡོད། དེའི་སྦས་པའི་ནོར་ཆེན་བརྒྱད་ཡོད་པར་མ་ཟད། སྟག་གཟིག་རྒྱལ་བློན་རབ་ཡངས་དང་བོན་ཆེན་བླ་མ་མང་པོའི་དཀོར་ནོར་གསོག་ས་བཅས་དང་། བོན་རིགས་བཅུ་གསུམ་ནས་བསྒྲུབས་པའི་གཡང་རྫས་ཡོད་པ་དེ་སྲུང་བ་དམག་གིས་བསྐོར་བ་དང་། དེའི་གོང་གཡུང་དྲུང་པདྨོ་སྡོང་པོའི་དགོན་པ་ན། འདུས་སྡེ་སྟོང་དང་དྲུག་བརྒྱ་བརྒྱད། བསྟན་པ་རྣམ་ལྔ་འཕུར་ཤེས། བསྟན་པ་ཁྲོ་ལོ་འཕུར་ཤེས་བཅས་ཡོད་པ་དང་། དེ་བའི་གོང་ལ། མེ་ཏོག་ནགས་ཚལ་ལ་གཡུང་དྲུང་གི་་མེ་ཏོག་བཀོད་པ། བོན་ནག་གདོན་གཟུགས་ཀྱི་བོན་གཤེན། གཤེན་བླ་འོད་དཀར་དེ་ཡོད་པ་དང་།༽ཞེས་དང་། ཡང་ཤོག་གྲངས་༣༡༧ལས་ ༼དེ་ནས་ཤན་པ་དང་འདན་མ་རྣམས་ཞགས་པ་རེ་བཏབ་ནས་བསྡད་ཡོད་སྐབས། ཤན་པས་ཡ་འོ་ན་བླ་མ་གཤེན་ལྷ་ལགས། ཡང་དག་གི་འདྲ་མ་བཤད་པས་ན། ཁྱོད་བོན་གཤེན་ལྟ་བའི་སྒྲུབ་ཐབས་ཆེན་མོ་དེ། ལྟ་བ་རང་དབང་ཐོབ་པ་བསམ། ལྟད་མོ་ལྷ་ཡི་ཕོ་མོ་དེ། ལྟ་བས་ལྟད་མོ་ཆེ་བསམ་སྟེ། མིག་གིས་མ་མཐོང་ཡ་རེ་མཚར། བོན་གཤེན་སྒྲུབ་པའི་ནུས་པ་དེས། གླིང་དཀར་ཡེ་མེད་གཏོང་བསམ་སྟེ། བསམ་པའི་སྟེང་ལ་འགྲོ་ལེ་མིན། ཆོས་དང་བོན་གྱི་ལྟ་བ་དེ། བདེན་ཡིན་མིན་དེ་བཞིན་ལྟ་བས་ཆོག ད་ནི་ཆོས་ལ་དགའ་བས་ན། ལྟ་བ་རང་སར་བཞག་པ་ཞིག །ཆོས་སྐུའི་རྣམ་བཞག་གྲུབ་པ་འོང་། དེ་ནས་མ་དགའ་ཤར་བས་ན། ཤ་ཁམས་ཁྲག་ཐིག་བསྒྲལ་བ་ནི། ལྷག་མ་མེད་པ་བསད་པ་འོང་། དེ་བས་ལྷ་ལ་གསོལ་བཏབ་ན། མི་གསོད་ཚེ་ཐར་གཏོང་བས་ཆོག །དེ་ནས་གང་དགའ་བསམ་བློ་ཐོངས། ཞེས་སྨྲས་པ་དང། བླ་མས་སྨྲས་པ་ལ། ཤན་པ་མཚམས་མེད་ཕ་གསོད་བུ། ཁྱོད་དེ་འདྲ་ཡིན་ན། མི་ཡི་བྲན་ལ་ཅི་ཞིག་འདུག །ངས་ལྟ་བ་མི་བསྐྱུར་ཟེར་ནས་བོན་ལ་གསོལ་བ་བཏབ་པས། རྩ་ལམ་གྱི་སྒོ་མ་ལུས་པ་འབྲུག་མོ་ལ་འབྲེལ་བས་ཟོ་ཞབས་སྤྲོད་པ་བཞིན་སོང་བས་འགྲོ་ལམ་མེད་པས་ཅི་བྱ་གཏོལ་མེད་དུ་གྱུར། འབྲུག་མོ་ཕྱག་གཡོན་པའི་མགུ་ཡ་ལ་སྐྱེས་བུ་སྦས་ཡོད་པ་དེ་ལ་བརྡུང་བརྡུང་བྱས་པས། གེ་སར་དེ་ལ་མི་འཛོམས་རྟ་འཛོམས་ཀྱིས་ཕེབས། དེ་བའི་དུས། བོན་བླ་ནས་བོན་ལ་བདེན་པ་གང་ཡོད་རུང་གླིང་གི་ལག་ནས་ཐར་ཐབས་མེད་དོ། སྒྲུབ་པ་གང་བྱས་ཀྱང་རྟགས་ཐོན་དུས་མེད་པ། བྱ་ཆེན་ཐང་ལ་ལྷུང་བ་བཞིན་ཡོད་པས། གེ་སར་གྱིས་ཡ་བོན་ནག་གདོན་གྱི་གཟུགས། ལྟ་བ་ལོག་པ་ཡིན། སངས་རྒྱས་བསྟན་པའི་སྤྱི་དགྲ་ཡིན། ཞིང་བཅུ་ཚང་བའི་བསྟན་དགྲ་དེ་ངས་ད་རེས་བསྒྲལ་བའི་དུས་ལ་བབས།༽ ཞེས་སོགས་ཟེར་བ་དང་གཤེན་ལྷ་འོད་དཀར་གེ་སར་གྱིས་བསྒྲལ་ཚུལ་སོགས་བཀོད་འདུག །དེར་བརྟེན་སྟག་གཟིག་འོལ་མོ་ལུང་རིང་ཞེས་པའི་བརྩམས་སྒྲུང་འདིའི་ནང་དོན་ལ་རིན་པོ་ཆེའི་དཀོར་མཛོད་སོགས་ཡོད་པ་ནི་ཁོ་པ་གཉིས་ཀྱིས་ཟུར་དུ་ཁས་བླངས་འདུག་མོད། ཡིན་ནའང་དམིགས་བསལ་གྱི་བསྟན་བྱ་ནི། ཡུལ་དེ་ནི་གཡུང་དྲུང་གི་བོན་སྤེལ་ཡུལ་ཞིག་དང་། དེར་གནས་པའི་སྐྱེ་འགྲོ་རྣམས་ནི་གཡུང་དྲུང་གི་བོན་སྤྱད་པས་ངན་སོང་གསུམ་དུ་འགྲོ་ཚུལ་སོགས་མང་པོ་ཞིག་བྲིས་འདུག་ཀྱང་ཡིག་ཚོགས་མང་བས་འདིར་འབྲི་མ་ཐུབ་པས་སྒྲུང་ཡིག་དངོས་ལ་གཟིགས་པར་ཞུ། བཤད་མ་ཐག་པ་ལྟར། ལོངས་སྤྱོད་རྫོགས་པའི་སྐུ་གཤེན་ལྷ་འོད་དཀར་ནི་གེ་སར་གྱིས་སྐུ་བཀྲོངས་པ་དང་། སྲིད་པ་རྒྱལ་མོ་ནི་དཔའ་ལས་དམ་ལ་བཏགས་པ་སོགས་ལ་བསམ་ན། སྒྲུང་འདི་ནི་བོན་ལ་དམའ་འབེབས་ཤུགས་ཆེ་བའི་བརྩམས་སྒྲུང་ཞིག་བྲིས་འདུག་པ་ཚང་མས་མཁྱེན་གསལ་རེད། སྒྲུང་འདི་ཡི་ནང་དོན་ནི་ངོ་ཚ་ཁྲེལ་མེད་དང་། འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་གྲུབ་མཐའི་འཁོན་འཛིན་དབང་གིས་སྔར་བསམ་ཕྱི་བློ་དང་། ལུང་རིག་གི་རྒྱབ་ལྗོངས་གང་ཡང་མེད་པའི་ཕྱོགས་ལྷུང་གི་འཁྱོགས་བཤད་ཚབས་ཆེ་བའི་ཞིག་དང་། རྨོངས་པའི་ལོག་བཤད་ངོ་ཚ་དགོས་པ་འབའ་ཞིག་ཏུ་འདུག་སྟེ། དོན་དུ་ལོངས་སྤྱོད་རྫོགས་པའི་སྐུ་གཤེན་ལྷ་འོད་དཀར་ཟེར་བ་དེ་ནི། སྒྲིབ་གཉིས་ཀྱི་བག་ཆགས་མཐའ་དག་དང་བྲལ་ཞིང་། རྫོགས་པའི་སངས་རྒྱས་ཀྱི་རྣམ་མཁྱེན་ཡེ་ཤེས་ཀྱི་རྟེན་དུ་གྱུར་བའི་གཟུགས་སྐུ་ཞིག་ལ་གོ་དགོས། དེ་ཡི་སྒྲ་དོན་ནི། གཤེན་རབ་ཀུན་གྱི་རྩ་བའི་ལྷ་རུ་གྱུར་བས་གཤེན་ལྷ་དང་། བག་ཆགས་སྐྱོན་གྱིས་དྲི་མས་མ་གོས་པའི་ཆ་ནས་འོད་དཀར། ཞེས་གསུངས་པ་དང་། གོང་ལྟར་ལོངས་སྤྱོད་རྫོགས་པའི་ལྷ་དེ་ནི། ཉོན་མོངས་རང་ཁ་མའི་བྱེད་ལས་ལས་བྱུང་བའི་མདའ་མདུང་རལ་གྲི་སོགས་ཀྱིས་འཚེ་བར་བྱེད་པ་དང་། འཇོམ་པར་བྱེད་ཅིང་སྲོག་གཅོད་པར་རློམ་པའི་འཁྲུལ་རྟོག་གི་བློ་དེ་ནི་ཧ་ཅང་གིས་ཡ་ང་བ་དང་། ཡིད་མུག་པ། སྙིང་རྗེ་དགོས་པའི་རྨོངས་བཤད་ཞིག་ལོས་ཡིན། ལྷ་དེ་དག་ནི་སྲོག་མེད་བདུད་དང་བྲལ་བ་དང་། འཆི་མེད་སྐྱེས་ནས་བཙན་པའི་རྫོགས་པའི་སངས་རྒྱས་ཞིག་རེད་ལ། དེ་བཞིན་དུ་མ་གཅིག་སྲིད་གསུམ་རྒྱལ་མོ་འགྲན་གྱི་ཟླ་མེད་མ་ནི། མིང་བརྒྱ་མ་དང་མཚན་སྟོང་མ་ཡང་ཟེར་སྟེ། ཞི་བའི་སྐུ་རུ་བཞུགས་པའི་དུས་སུ་བོན་སྐུ་ཀུན་ཏུ་བཟང་མོ། ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་དབུ་བརྒྱ་ཕྱག་སྟོང་། ཅིར་ཡང་སྤྲུལ་པའི་སྐུར་བཞེངས་བདེ་འགྲོ་གསང་ཡུམ། དེ་བཞིན་དུ་ཡུམ་ཆེན་ཤེས་རབ་བྱམས་མ། སྐལ་པ་བཟང་མོ། ཐུགས་རྗེ་ཀུན་སྒྲོལ་སོགས་ཀྱི་ངོ་བོ་ཡིན་པ་དང་། སྒྲིབ་པ་གཉིས་ཀྱི་བག་ཆགས་ཡོངས་སུ་བྲལ་བའི་ཡེ་ཤེས་ཀྱི་རང་གཟུགས་ཡིན་པ་ལས། ད་གཟོད་བཤད་མ་ཐག་པ་ལྟར་གང་ཟག་རང་ཁེ་གཞན་ཕམ་འཛིན་པ་དང་། དེ་བཞིན་དུ་དུག་ལྔ་རགས་པའི་སྐྱེ་བོས་གསོད་གཏུབ་བྱེད་འདོད་ཀྱི་བློ་དེ་ནི་དངོས་གནས་ཀྱི་དགོད་བྲོ་བའི་འཁྲུལ་རྟོག་དང་། ངོ་ཚ་རྒྱུ་མེད་པའི་སྨྱོ་ལབ་ཚབས་ཆེ་བ་ཞིག་ཡིན་པས་སྙིང་རྗེའི་ཡུལ་དུ་འཁུམ་མོ། དེར་བརྟེན་བོད་རྗེ་ཁྲི་སྲོང་གིས་འཕྲིན་ལས་ལ་བརྟེན་ཏེ་ཐུབ་བསྟན་བོད་དུ་ནང་འདྲེན་བྱས་པ་བརྒྱུད། བོན་བན་གཉིས་པོའི་གྲུབ་མཐའི་འཁྲུགས་རྩོད་དེ་ཉིད་ཡུན་རིང་དང་རྣོ་ངར་ལྡན་པ་ཞིག་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད་ལ། དེ་ཡིས་རྐྱེན་པས་ཕན་ཚུན་དམའ་འབེབས་ཀྱི་བསྟན་བཅོས་མང་ཞིང་དག་པ་ཞིག་དེང་སྐབས་སུའང་མཐོང་ཡུལ་དུ་གྱུར་ཡོད་ལ། གེ་སར་གྱི་སྒྲུང་ཡིག་འདི་ཉིད་ཡང་དེ་དག་གི་ཁོངས་སུ་གཏོགས་པའི་བན་དེའི་མཁས་པ་ལབ་འདོད་ཅན་ཚོས་བརྩམས་པའི་བསྟན་བཅོས་ཤིག་ཡིན་པར་སེམས་སོ། ༧གོང་བཤད་ལྟར་གེ་སར་གྱི་སྒྲུང་ཡིག་འདིའི་ནང་དོན་ཇི་བཞིན་དུ་བོད་པའི་ས་གཞིའི་སྟེང་ལ་བྱུང་བར་འདོད་པའི་གང་ཟག་ཁག་ཅིག་ལ་ཡང་བསྐྱར་གསལ་བཤད་ཐེངས་གཅིག་གླེང་བར་བྱ་སྟེ། བརྗོད་བྱ་དེའི་ནང་དོན་ལ་བརྟགས་ན་རྫོང་ཆེན་བཅོ་བརྒྱད་དང་། དེ་བཞིན་དུ་རྗོང་ཆུང་རྩི་རྩི་གྲངས་མེད་ཕབས་ཞེས། རྒྱལ་ཁབ་མང་པོ་ཞིག་གླིང་གིས་གཡུལ་འགྱེད་བྱས་ཏེ་དབང་དུ་བསྡུས་ཚུལ་བཀོད་པ་འདི་ནི། །བོད་ཀྱི་ལོ་རྒྱུས་དང་དངོས་འགལ་དུ་འགྲོ་བའི་ཚུལ་འདི་དག་གཉིད་གཏམ་འབའ་ཞིག་མ་ཡིན་ནམ། གེ་སར་ཟེར་བ་དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྤྲུལ་པ་ཡིན་རབས་ཆེ་ཆེ་དང་རྫིག་རྫིག་གིས་མང་དུ་བཤད་ཡོད་ཀྱང་། ཁྲི་སྲོང་མན་ཆད་ཀྱི་སྤུ་རྒྱལ་བཙན་པོའི་གདུང་རབས་ཀྱི་ལོ་རྒྱུས་དང་། སྤུ་རྒྱལ་གྱི་རྒྱལ་སྲིད་འཐོར་བའི་རྗེས་ནས་ད་ལྟའི་བར་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚགས་རྣམས་མཐོང་ཡུལ་དུ་གནས་ཡོད་མོད། དེར་བརྟེན་འདི་འདྲའི་དམག་འཐབ་དང་གཡུལ་འགྱེད་བྱས་ཚུལ་གྱི་ལོ་རྒྱུས་འདི་ནི་གདུག་འདྲེ་ཞིག་གིས་རྨི་ལམ་ནང་དུ་ལུང་འདྲ་བསྟན་པ་ཡིན་ན་མ་གཏོགས་སུས་ཀྱང་བཤད་ཁག་པོ་རེད། དཔེར་ན་བོད་ཀྱི་མངའ་རིས་ཀྱི་ས་ཁུལ་ཁེ་རུ་མ་ལ་དཔྱད་པ་ཡིན་ན། ༡མངའ་རིས་གསེར་རྫོང་ཟེར་བ་དང་། ༢ཡང་ཞང་ཞུང་མུ་ཏིག་གི་རྫོང་ཟེར་བ། ༣ གངས་རིའི་ཤེལ་རྫོང་ཟེར་བ་སོགས་བཤད་ཚུལ་མི་མཐུན་པ་གསུམ་པོ་འདི་ལ་ཅི་ཞིག་འགྲེལ། དེང་དུས་བོད་ལྗོངས་ཀྱི་མངའ་ཁོངས་མངའ་རིས་ཞེས་པའི་ས་གནས་ཆུང་ཆུང་གཅིག་པུ་འདི་ལ། དེ་འདྲའི་རྫོང་ཁག་གམ་རྒྱལ་ཁབ་གསུམ་ལ་ངོས་འཛིན་བྱས་པ་ཡིན་ན་འགྲིགས་སམ། དེ་ག་ནང་བཞིན་དུ་གླིང་ཟེར་བའི་ས་ཆ་དེ་ལ་ཡང་ངོས་འཛིན་བྱེད་སྟངས་མི་མཐུན་པའི་ཚུལ་ནི། མཚོ་སྔོན་མགོ་ལོག་ཁུལ་གྱིས་ཁོ་ཚོའི་ས་ཆར་ངོས་འཛིན་བྱེད་པ་དང་། ཡང་སི་ཁྲོན་སྡེ་དགེས་ཀྱང་ཁོ་པ་ཚོའི་ས་ཆར་ཡིན་ལུགས་ཀྱི་འགྲེལ་བཤད་བྱེད་པ། བོད་ལྗོངས་སྨར་ཁམས་ཀྱིས་ཀྱང་ཁོ་རང་ཚོའི་ས་ཆར་ཡིན་པར་འདོད་པ་རྣམས་སོ། དེར་འཕྲོས་གེ་སར་གྱི་སྒྲུང་ཡིག་ཟེར་བ་འདི་ཡི་ལོ་རྒྱུས་གསལ་པོ་གནད་ལ་ཁེར་བ་ཞིག་ལུང་རིགས་གང་གིས་སྒྲུབ་ཐབས་མེད་པ་ནི་དོན་དངོས་ཡིན་ལ། དེ་དོན་ལ་གཞིག་སྟེ་རྒྱུ་མཚན་འདི་ཡི་རིགས་ལ་ཞིབ་འཇུག་བྱེད་རྒྱུ་ནི་དཔྱོད་ལྡན་རྣམས་ཀྱི་ཐུགས་ལ་འཇག་པར་ཞུའོ།
སྨྲས་པ།
རང་རྒྱུད་དུག་ལྔའི་དབལ་སོ་རབ་ཏུ་རྒྱས། རང་བསྟོད་གཞན་སྨད་ལོག་བཤད་རི་ལྟར་སྤུངས། རང་གཞན་གཉིས་འཛིན་ལྟ་བ་མཁྲེགས་པོ་དེས། རང་ཉིད་བསྐལ་བརྒྱར་མནར་མེད་དམྱལ་གནས་འཕངས།
ཀྱེ་མ་ཀྱེ་ཧུད་ལས་ངན་སྡིག་པོ་ཆེ། ལས་འབྲས་མི་བསམ་བདེན་དོན་ཁྱད་དུ་གསོད།
ལུང་རིག་མི་བརྩི་འོལ་ཚོད་བླུན་གཏམ་བཤད། འདི་ཕྱིའི་དོན་ཆེན་ཕུང་བའི་མཚང་འདི་སྐྱོ།
ཁྱོད་དང་ཁྱོད་འདྲའི་དམ་ལོག་རུ་ཏྲའི་ཚོགས། དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་སྟོབས་ཀྱིས། ལས་ཉོན་དུག་གི་རྦ་རླབས་འཁྲུགས་པའི་མཚོར། སྐྱབས་པའི་ཐབས་ལམ་ཅིས་ཀྱང་དཀའ་བའོ།
༧ཟུར་དུ་ཞུས་རྒྱུ་ལ་ད་ལན་དཔེ་སྐྲུན་ཁང་དེ་གར་འབྲེལ་བ་གནང་མཁན་ཡོད་ན།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྦྲགས་ཨང་ནི་ ༨༡༠༠༠༡ ཁ་པར་ཨང་གྲངས ༠༩༧༡ ༦༡༣༨༩༣༣ དང་དེ་ཁོངས་ལས་མི་བོད་རིགས་ཡིན་པའི་བཀྲ་ཤིས་དོན་འགྲུབ་ཟེར་བའི་ཁ་པར་ཨང་གྲངས ༠༩༧༡ ༦༡༡༩༦༤༧ རེད་འདུག