ལྔ་བདོ་སྙིགས་མ་དུས་ཀྱི་མཚོན་ཆ་དེས། ། ། །
རྒྱལ་བསྟན་སྲོག་གི་འཕར་རྩ་གཅོད་ཉེས་ཚེར། །
རྣམ་འདྲེན་དམུ་རྒྱལ་མགོན་པོའི་གདུང་ཚོབ་ཅིག
མཐོ་སྒང་ཁྱུང་ཡུལ་ནོར་བུའི་ཞིང་ལ་འཁྲུངས། །
མཚན་དཔེའི་དཔལ་ཡོན་ཉི་མ་གཞོན་ནུའི་ཕུལ། །
མདོ་ཁམས་སྟོད་ནས་གཡས་རུ་གཙང་དུ་ཤར། །
གངས་ཅན་མགོན་པོ་རྒྱལ་བ་སྨན་གྱི་རིར། །
མཁས་མང་དབུས་ན་ཨུ་དུམ་ཝ་རའི་ཚུལ། །
གོང་འོག་བར་གསུམ་གྲྭ་ས་རྣམ་གསུམ་གྱི། །
སྨྲ་སེང་མི་གཟུགས་ཡོངས་འཛིན་རྣམ་གཉིས་དྲུང་། །
གཤེན་རྒྱལ་བསྟན་པའི་སྙིང་པོ་མདོ་སྔགས་སེམས། །
མ་ལུས་མཁྱེན་ཐེངས་གཅིག་གི་ཧུབ་ཀྱིས་འཐུང་། །
དུས་གསུམ་མ་སྒྲིབ་མཁྱེན་པའི་ཡོངས་འཛིན་ཆེས། །
བོན་བསྟན་བླ་སྲོག་འཛིན་པའི་གཤེན་རབས་ཤིག། །
གཟིགས་པས་དགྱེས་བརྩེའི་འཛུམ་རླབས་སྟོང་ལྡན་ངང་། །
དམ་པའི་རྒྱལ་ཚབ་ལུང་གི་ཆེ་བ་ཕེབས། །
ལྷོ་གླིང་སྤྱི་དང་ཁྱད་པར་གཙང་གི་ཆར། །
དཀར་མགོན་སྐྱོང་བའི་ལྷ་ཀླུ་མི་སོགས་ཀྱིས། །
བཀྲ་ཤིས་རྫོགས་ལྡན་ཉི་མ་འབུམ་ཤར་བའི། །
དགའ་སྟོན་རྟེན་འབྲེལ་གླུ་གར་བྲོ་ལ་རྩེན། །
ཉི་ཤུའི་དུས་རབས་རིག་གསར་དྲག་རླུང་གིས། །
གངས་ལྗོངས་རྒྱལ་བསྟན་ཆུ་ལྷའི་མཁར་རྫོང་དེ། །
རྨིང་ནས་གཏོར་ཞིང་འཇིགས་པའི་བསྐལ་པ་ཚེས། །
ཁ་བ་དཀར་པོའི་རང་མདངས་མུན་པས་སྒྲིབ། །
དེ་ཚེ་ཁྱེད་གཙོས་བོན་བསྟན་གསལ་བྱེད་འགས། །
གཤེན་རྒྱལ་བསྟན་པའི་ཚེ་སྲོག་དམར་ཆུང་དེ། །
བསྣམས་ཏེ་ཞུམ་མེད་ཧི་མ་ལ་ནས་ཐོན། །
ལྷོ་བལ་བརྒྱུད་དེ་འཕགས་མཆོག་ཞིང་དེར་ཕེབས། །
སྐད་རིགས་མི་གཅིག་ཆ་ལུགས་མི་མཐུན་ཞིང་། །
གཅིག་པུར་འཚོ་སྡོད་གནས་པའི་དཀའ་ཚེགས་ཚེས། །
འོན་ཀྱང་ཁྱེད་ཀྱི་གསང་གསུམ་ཡིད་བཞིན་ནོར། །
ངལ་བ་མེད་པ་བཟོད་པའི་དཔའ་གདེང་ཐོབ། །
འཕགས་ཡུལ་རྒྱལ་གར་ཧེ་མ་ཅལ་གྱི་ཁུལ། །
གཞན་ཡུལ་གྱར་བའི་བོན་འབང་མི་སེར་རྣམས། །
གཅིག་ཏུ་བསྡུས་ཏེ་འཚོ་བའི་ཆ་རྐྱེན་བསྐྲུན། །
རྒྱལ་གཤེན་བསྟན་པའི་མེ་རོ་སླར་ཡང་གསོས། །
གླིང་ཆེན་ལྔ་པོ་རྫུ་འཕྲུལ་ཞབས་ཀྱིས་མནན། །
འདྲ་མིན་སྐད་རིགས་མཁྱེན་རྩལ་གཅིག་གིས་རྟོགས། །
གོ་ལའི་ཁྱོན་ཀུན་གདུལ་བྱའི་ས་བོན་བཏབ། །
དུས་གསུམ་སྟོན་པའི་མཛད་ཕྲིན་བསྐྱར་དུ་འཁྲུངས། །
ཉེར་གཅིག་དུས་རབས་བཅུ་དྲུག་ན་ཆུང་མའི། །
ལང་ཚོའི་འཇོ་སྒེག་གསར་དུ་བཞད་པའི་སྐབས། །
ཞང་བོད་ཤེས་རིག་གྲུ་དཀར་གཡུ་ཆུང་འདིས། །
མགུལ་དུ་མཛེས་པའི་ལེགས་བྱས་ཁྱེད་ཀྱིས་བསྐྲུན། །
ཁྱད་པར་བལ་ཡུལ་ཀླུ་སྒྲུབ་རི་ཡི་ཞོལ། །
ལུང་རིག་དབྱར་རྔ་སྟོང་གི་སྒྲ་དབྱངས་ལྡིར། །
ཐོས་བསམ་ཆུ་གཏེར་འབུམ་གྱི་རླབས་ཕྲེང་འཕྱུར། །
བཤད་སྒྲུབ་བསྟན་པའི་ཐོ་ཆེན་ཁྱེད་ཀྱིས་བཙུགས། །
དེ་ཙམ་མ་ཡིན་གོ་ལ་ཧྲིལ་པོའི་ཁྱོན། །
སྤང་རྟོགས་ཕུལ་ཕྱིན་འཆད་རྩོད་རྩོམ་པས་ཕྱུག། །
ཁྱེད་ཀྱི་བུ་སློབ་ཡོངས་པའི་ཁྱོན་ཀུན་བརྡལ། །
གཡུང་དྲུང་བསྟན་རྒྱུད་ཡུན་གནས་སོན་རྩ་བཙུགས། །
མདོར་ན་ཁྱེད་ཀྱི་གསང་གསུམ་མཛད་རྣམ་ལ། །
འདི་དང་འདི་ཞེས་བྱ་བའི་ཚོད་འཛིན་དེ། །
བརྗོད་པའི་སྤོབས་པ་དབྱངས་ཅན་ལྷ་ལ་མེད། །
དེ་ཕྱིར་ཐོས་ཆུང་བདག་གིས་བརྗོད་ཡུལ་མིན། །
འོན་ཀྱང་དམ་པའི་རྟོགས་བརྗོད་ཆུ་ཐིག་ཙམ། །
བརྗོད་པའི་བསོད་ནམས་གང་གི་ཟླ་མེད་པ། །
བསམ་སྟེ་རང་འདོད་ཀུན་སློང་བཟང་པོས་བྲིས། །
སྡེབ་སྦྱོར་དོན་དབུལ་ཞན་ཆ་བཟོད་པར་གསོལ། །