༄༅།། དཔལ་ལྡན་མདོ་དར་དགོན་གྱི་ལོ་རྒྱུས་བཞུགས།།
བགྲངས་ཡས་བསྐལ་པར་བསགས་པའི་ཚོགས་ཀྱི་མཐུས། །སྐུ་གཉིས་མངོན་གྱུར་སྟོན་པ་རྫོགས་སངས་རྒྱས། །གང་གིས་བསྐོར་བའི་གཡུང་དྲུང་བོན་བསྟན་བཅས། །མི་ཕྱེད་དད་པས་སྤྱི་བོའི་རྒྱན་དུ་བཏེགས།། ༧།ཕྱི་ནང་གསང་གསུམ་གཤེན་གྱི་བསྟན་པ་ཉིད། །འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བ། །སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་མཚན། །བཀའ་དྲིན་དྲན་བཞིན་སྙིང་ནས་གུས་གསོལ་འདེབས།། ༧ །གང་དེའི་ཐུགས་རྗེའི་འོད་ཀྱིས་འཁྱུད་པའི་བཤེས། །བཤད་སྒྲུབ་སྒོམ་པ་གསུམ་གྱི་བསྟན་པའི་དོན། །ནུབ་མེད་རྟག་ཏུ་བསྒྲེངས་བའི་བརྒྱུད་འཛིན་ཚོགས། །སོར་བཅུ་དད་པས་སྤྱི་བོའི་རྒྱན་དུ་མཆོད།། ༧།འདི་ན་དགོན་འདིའི་ལོ་རྒྱུས་བསྡུས་ཙམ་ཞིག །ལུང་དང་ངག་བསྒྲོས་ཟུང་གིས་རྒྱན་སྤྲས་ནས། །སྐབས་བབ་དགོས་མཁོ་བསྐང་ཆེད་བྲིས་པ་ལ། །མཁས་རྣམས་མ་ཁྲེལ་ཐུགས་དགོངས་ལྷོད་ཅེས་ཞུ།། ཞེས་མཆོད་བརྗོད་དང་བཤད་དམ་གྱིས་མདུན་ནས་བསུས་སྟེ་སྐབས་འདིར་གླེང་བར་བྱ་བའི་དགོན་འདིའི་ལོ་རྒྱུས་ས་བཅད་གསུམ་གྱི་ཁོངས་སུ་བསྡུས་ནས་འབྲི་རྒྱུ་བྱས་པས། དང་པོ་ཁོག་དབབ་ཀྱི་ལོ་རྒྱུས་དང་འབྲེལ་བའི་དགོན་པ་ཐོག་མར་ཕྱག་བཏབ་ཚུལ་དང་། གཉིས་པ་དགོན་པའི་བསྟན་བཞེངས་དང་འདུ་འཚོགས་སོགས་ཀྱི་ཡིན་ཚུལ་བཤད་པ། གསུམ་པ་དུས་རབས་བཅུ་དགུ་པའི་སྐབས་ཀྱི་བསྐྱར་བཞེངས་གནང་ཚུལ་དང་གསུམ་ལས།།