༧སྨྲ་སེང་སྒྲུབ་ཆུང་བཞུགས།
དང་པོ་མཚམས་བཅད་ནི། ཨཱོྃ་ང་ནི་ཤེས་རབ་ལྷ་མཆོག་སྨྲ་སེང་སྐུ། སྣང་སྲིད་སྨྲ་སེང་ལྷ་དང་གཞལ་ཡས་ཁང་། གལ་ཏེ་མ་རྟོགས་དགྲ་བགེགས་ཡོང་སྲིད་ན། ཡེ་ཤེས་ལྔའི་ངང་དུ་བསྒྲལ་བར་བྱ། བྷི་རྃ་ཕཌ། ལས་རིམ་ནི། ཤེས་རབ་ལྷ་ལ་རྟག་ཏུ་སྐྱབས་སུ་མཆི། ཤེས་རབ་ཆེ་སྦྱོང་འགྲོ་དོན་སེམས་མཆོག་བསྐྱེད། ཇི་བྱས་མི་དགེའི་སྡིག་ཚོགས་ཉེར་བཤགས་ནས། ཇི་ཉིད་མཆོད་སྤྲིན་རྒྱལ་འཕགས་ཚོགས་ལ་འབུལ། སྨྲ་སེང་མཆོག་དང་རྩ་རྒྱུད་བླ་མར་བཅས། གསོལ་བ་འདེབ་སོ་དབང་བསྐུར་བྱིན་གྱིས་རློབས། བསྐྱེད་རིམ་ནི། སྟོང་ཉིད་སྙིང་རྗེའི་ངང་ལ་པདྨ་དང་། ཉི་ཟླའི་གདན་ལ་དྡྷི་ལ་རང་ཉིད་ནི། སྨྲ་སེང་དཀར་པོ་རྫོགས་སྐུའི་ཆས་རྒྱན་མཛེས། ཕྱག་གཉིས་པད་སྡོང་རལ་གྲི་པོད་ཏིའི་མཚོན། འཇའ་གུར་དབུས་བཞུགས་ཐུག་ཁར་དྡྷི༔ཡིག་ལས། འོད་ཟེར་ཡར་འཕྲོས་ཡེ་ཤེས་དེ་འདྲ་བ། སྤྱན་དྲང་མདུན་དུ་བཞུགས་གསོལ་མཆོད་པར་འབུལ། དགྱེས་ནས་བདག་དང་དབྱེར་མེད་ཐིམ་པར་གྱུར། ཕྲིན་ལས་ནི། ཨཱོྃ་ངོ་མཚར་འཇའ་འོད་འཁྱིལ་བའི་གུར་ཁང་ན། ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེ་ལ། སྨྲ་སེང་རིགས་བཞི་ཡེ་ཤེས་སྒོ་བ་བཞི། ཚངས་དབྱངས་སྐད་ཀྱི་ལྷ་ཡི་གེའི་ལྷ། བདེར་གཤེགས་གསུང་གི་ལྷ་ཚོགས་འཁོར་བཅས་རྣམས། སྤྱན་དྲང་བཞུགས་གསོལ་ཕྱག་འཚལ་སྡིག་པ་བཤགས། རྣམ་བརྒྱད་སྨན་རག་གཏོར་མ་འབུལ་ལོ་བཞེས། ལས་སྒྲིབ་མ་ལུས་ཐུགས་རྗེའི་བྱང་ནས་ཀྱང། བློ་འཕེལ་ཐབས་མཁས་ཚངས་དབྱངས་དངོས་གྲུབ་སྩོལ། སྙིང་པོ་ནི། ཨཱོྃ་ཝ་ཀི་དྡྷི་ན་མ། འཛབ་བསྐུལ་ནི། ཨཱོྃ་ཤེས་རབ་བློ་འཕེལ་ལྷ་ཚོགས་འཛབ་ཀྱིས་མཆོད། སྐུ་བསྟོད་ཚོགས་མཆོད་བཏབ་པོ་ཐུགས་དམ་བསྐང་། ཁྱེད་ཀྱི་ལྷ་ཞལ་དུས་འདིར་བསྟན་དུ་གསོལ། བྱིན་རླབས་དབང་དང་དངོས་གྲུབ་བདག་ལ་སྩོལ། ཅེས་སྨྲ་སེང་དཀར་པོའི་སྒྲུབ་པ་རྫོགས་སོ། འདི་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྒྲུབ་པ་བརྒྱ་རྩ་གཅིག་འགྲེས་སུ་གསལ་བཏབ་མཛད་པ་ལེགས་སོ།