ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཁྱམ་པོའི་རྟོག་བརྗོད | 2018/1/7 12:59:00

ཁག་དང་པོ།

སྐྱེ་དགུ་ཡོད་དོ་ཅོག་ལ་  ཕྱི་ཡི་ཡུལ་དུས་ཀྱི་འབྱུང་རྐྱེན་དང་ནང་གི་རྣམ་རྟོག་གི་དྲན་འཕྲུལ་སོགས་དུ་མ་ཞིག་ལ་བརྟེན་ནས་སྣང་བ་སྐྱིད་མིན་དང་ ལུས་སེམས་བདེ་མིན་ཅི་རིགས་སུ་ཡོང་བ་ནི་བརྗོད་མི་དགོས་པའི་རང་གཤིས་སུ་གྲུབ། ལྷག་པར་དུ་མི་ཡི་རིགས་ལ་སྣང་བ་དང་སེམས་ཁམས་ཀྱི་འགྱུར་བ་ཧ་ཅང་གི་ཆེ། འོན་ཀྱང་མི་ཞིག་གསོན་པོར་གནས་པ་ནས་བཟུང་ རང་གི་ཕ་མ་དང་གཉེན་ཉེ་ཡང་ན་ སློབ་གྲོགས་དང་གྲོགས་པོ་སོགས་  གང་ལྟར་བློ་སེམས་གཏད་ས་ཞིག་དང་ འཆམ་མཐུན་གྱི་མི་ཞིག་ཡོད་པ་ཕལ་ཆེར་གྲུབ་མོད་རྐྱེན་དང་འགྱུར་འགྲོས་དུ་མ་ཞིག་གི་འོག་ནས་འཆམ་མཐུན་གྱི་གོ་རིམ་ཁྲོད་ན་ཅིས་ཀྱང་ཕན་ཚུན་མ་འཕྲོད་པ་དང་མ་འགྲིག་པ་འབྱུང་ངེས་རེད།  གང་ཞིག་རང་ཉིད་ཀྱི་གྲོགས་དམ་པ་ཞིག་དང་ཕན་ཚུན་བདེ་སྐྱིད་ཀྱི་འཆམ་མཐུན་གྱི་ངང་ན་གནས་པར་འདོད་ཚེ་ཁྱོད་གཉིས་ཀྱི་བར་ལ་ གུ་ཡངས་པའི་གླེང་མོལ་དང་ཅི་བསམ་པའི་དྲན་རྟོག་སོགས་ཡོད་ཚད་མི་གསང་བར་བརྗོད་ནུས་པ་ཞིག་དགོས་ལ། བརྗོད་པའི་གཏམ་ལ་ཡང་དཔུང་འདེགས་དང་བསམ་ཤེས་ཀྱིས་ དེ་ལ་དོ་སྣང་དང་སེམས་ཁུར་ཡོད་པ་ཞིག་དགོས། དེ་ལྟར་ཡོད་ཚེ་ཕན་ཚུན་ བརྩི་མཐོང་དང་བརྩེ་སེམས་རིམ་བཞིན་གཏིང་ཟབ་ཏུ་འགྲོ་འོང་། ལྷག་པར་དུ་ཕ་མ་དང་བུ་ཕྲུག།  དེ་བཞིན་སློབ་ཁྲིད་པ་དང་སློབ་མའི་བར་ན་ མཐོ་དམན་གྱི་ལྟ་བ་འཛིན་ཕྱོགས་དང་།  གུས་བརྩི་དང་ཞེད་འཇིགས་ཀྱི་སྣང་བས་ཅི་ཡང་ཁ་གསང་པོར་བརྗོད་མི་ནུས་པར་ལྷན་དུ་གནས་ཚེ་ཅི་ཞིག་གི་གནས་སྟངས་དང་རེ་འདུན་། དེ་བཞིན་སེམས་ཁམས་དང་དྲན་ཕྱོགས་སོགས་  དཀའ་སྡུག་དང་དགོས་མཁོ་ཡོད་ཚད་ ལྐོག་ཏུ་གྱུར་པས་ནམ་ཡང་རོགས་འདེགས་དང་དཀའ་སྡུག་སེལ་བའི་ལམ་ཡང་དག་པ་ཞིག་ཤིན་ཏུ་དཀོན།   དེས་ན་ཕན་ཚུན་བྱམས་བརྩེ་དང་ འཆམ་མཐུན་གྱི་མི་ཞིག་ཡིན་ཚེ་ཁ་གསང་དང་སྨྲ་བརྗོད་ཀྱི་གུ་ཡངས་དེ་ངེས་པར་དུ་དགོས་ལ་མཐོ་དམན་དང་གུ་དོག་པའི་བསམ་བློའི་འཁྱེར་སོ་དོར་ནས་དོགས་འདྲི་དང་སྐྱོན་བརྗོད་སོགས་ཡོད་ཚད་ཁ་གསང་དུ་བརྗོད་ནུས་པ་ཞིག་དང་། ཉན་ནུས་པ་ཞིག་ཡིན་ཚེ་ད་གཟོད་ཕན་ཚུན་གུས་བརྩི་དང་བརྩེ་སེམས་ཡང་གཏིང་ཟབ་འགྲོ་ཞིང་གུང་ཡངས་ཀྱི་སེམས་ཁམས་ཤིག་གིས་བྱ་བ་ཅི་ཡང་མཉམ་རུབ་དང་ རོགས་རེས་ཀྱི་ཐོག་ནས་བྱ་བ་ལྷོད་ལམ་དུ་འགྲུབ་ངེསོ། 


ཁག་གཉིས་པ་།

གལ་ཏེ་འདྲ་མཉམ་གྱི་ལྟ་བའི་འཛིན་ཕྱོགས་ཤིག་ཡོད་ཚེ་ད་གཟོད་སེམས་ཀྱི་བར་ཐག་ཇེ་ཉེ་དང་ཡུན་རིང་དུ་འགྲོགས་ཐུབ། 

གང་ཞིག་གྲོགས་དང་བརྩེ་སེམས་འཆམ་མཐུན་གྱི་མི་ཞིག་ཡིན་ཚེ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དང་། ལྷག་པར་དུ་དཀའ་སྡུག་དང་སྤྲོ་སྐྱིད་ཡོད་ཚད་ཀྱི་ཁྲོད་ན་གནད་དོན་ཅི་ཞིག་ཡིན་རུང་ བཤད་རེས་དང་ཉན་འཇོག་དགོས། [ཧུང་ལན་]{1}གྱིས།(བྱིས་པས་ཕ་མས་རང་གི་སྐད་ཆར་ཉན་གྱི་ཡོད་པ་ཚོར་དུས་བྱིས་པས་ཕ་མའི་བརྩེ་བ་དེ་མྱོང་ཐུབ།  སྐབས་དེར་བྱིས་པའི་སེམས་ཀྱི་ནུས་པ་ཞིག་གིས་ཁོ་བརྩེ་བའི་ཕྱོགས་སུ་ཁྲིད་ངེས)ཞེས་པ་འདི་སྐབས་བབ་ཕ་མ་བུ་ཕྲུག་གི་འབྲེལ་ལམ་ཐད་ནས་བཤད་པ་ཞིག་ཡིན་ཀྱང་ འདིའི་གནད་དོན་འདི་སློབ་དགེ་དང་གྲོགས་པོ་སོགས་བརྩེ་སེམས་ཅན་ཀུན་ལ་སྦྱར་དུ་རུང་བ་ཞིག་ཡིན་ཏེ། {2}

(ཁ་མཁས་གཡོ་ཟོལ་གྱི་གྲོགས་པོ་ཁྲི་ཡོད་ཀྱང་། ཤི་གསོན་བདེ་སྡུག་མཉམ་མྱོང་ནུས་པའི་གྲོགས་པོ་གཅིག་གི་དོ་ཟླ་མེད)

ཅེས་པ་ལྟར་ཁྱོད་ཀྱིས་གྲོགས་ཤིག་དང་ཡང་ན་བརྩེ་སེམས་ཡོད་པའི་མི་ཞིག་ལ་སེམས་ཀྱི་རེ་འདུན་དང་བཅས་ཏེ་སྐད་ཆ་ཞིག་བཤད་སྐབས། ཁྱོད་ཀྱིས་བློ་གཏད་དང་རེ་འདུན་བྱ་སའི་མི་དེས་ཁྱོད་ཀྱི་སྐད་ཆ་དེ་ལ་ཉན་འཇོག་དང་།  རང་ནུས་གང་ལྕོགས་ཀྱིས་རོགས་འདེགས་བྱས་ཚེ་ཁྱོད་ཀྱི་སེམས་སུ་བརྩེ་བ་ཡོད་པའི་ཚོར་བ་ངོ་མ་ཞིག་སྟེར་ཐུབ་པས་ནམ་ཡང་བརྩི་འཇོག་དང་འབྲེལ་ལམ་ཟབ་ཏུ་འགྲོ། {3}[ཧུང་ལན་]གྱིས།(ཕ་མ་དང་བུ་ཕྲུག་གི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི། ཕ་མས་བུ་ཕྲུག་གི་སྐད་ཆར་སྣང་ཆུང་བྱེད་པ་དེ་རེད།) ཞེས་པ་ལྟར། གལ་ཏེ་དེའི་སྐབས་དེར་གྲོགས་པོས་ཁྱོད་ལ་རོགས་འདེགས་ཐུབ་མིན་ལ་མ་ལྟོས་པར། ཁ་ཡ་མ་བྱས་ཚེ་ཁྱོད་ཀྱི་སེམས་སུ་སྐྱོ་གདུང་འཕར་མ་ཞིག་ཡོང་ངེས་སོ།།   དེ་བཞིན་ཕན་ཚུན་ཟས་གོས་དང་དངོས་པའི་རོགས་འདེགས་ཅི་ཞིག་བྱས་པ་ལས་དཀའ་སྡུག་གི་སྐབས་སེམས་གསོའི་རོགས་འདེགས་བྱེད་པ་ཆེས་གལ་ཆེ་ལ།  སེམས་ལ་རྨ་ཁ་བཟོས་པས་དེ་བས་ཀྱང་ཉེན་ཚབ་ཆེ།   གྲོགས་ཤིག་གིས་ཁྱོད་ལ་སྐྱིད་སྡུག་གི་སྐད་ཆ་བཤད་པ་དང་ཡང་ན་རེ་འདུན་ཞིག་ཞུ་ཚེ་ཁྱོད་ཀྱིས་དེ་ལ་རོགས་རམ་དང་།  སེམས་གསོའི་རོགས་མགོན་གང་ལྕོགས་ཀྱི་སྒོ་ནས་བརྩེ་སེམས་ལྷད་མེད་ཀྱིས་སྐྱོང་བ་ནི་ཆེས་སེམས་ཐག་ཉེ་བའི་ཐབས་མཆོག་ཏུ་གྱུར་པ་ཞིག་གོ། 

1((བཤད་ཆེ་ན་ཕ་གཏམ་བུ་ལ་གནོད།  ))རྩོམ་པ་པོ་ཧུང་ལན་  ཡིག་བསྒྱུར་བ་ མཐའ་གྲོལ། 2016/12/མི་རིགས་དཔེ་སྐྲུན་ཁང་ནས་དཔར། ཤོག་གྲངས་72

2 རྒྱལ་ཁབ་ཕྱི་ནང་གི་གནའ་དེང་མཁས་པའི་གདམ་ངག་ཕྱོགས་བསྒྲིགས།((གདམས་ངག་གཟི་ཕྲེང་།)) བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། ཤོག་ངོས200

3  ((བཤད་ཆེ་ན་ཕ་གཏམ་བུ་ལ་གནོད།  ))རྩོམ་པ་པོ་ཧུང་ལན་  ཡིག་བསྒྱུར་བ་ མཐའ་གྲོལ། 2016/12/མི་རིགས་དཔེ་སྐྲུན་ཁང་ནས་དཔར། ཤོག་གྲངས་127



དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.