བསྟོད་ཚིག་མཛད་བཅུའི་གྲངས་ལྡན།
ཁྱུང་ནག་ཐེག་མཆོག
དང་པོ་སེམས་བསྐྱེད་གྲངས་མེད་ཚོགས་བསགས་མཐར་ཐུགས་མངོན་པར་རྫོགས་སངས་རྒྱས།
གདུལ་བྱའི་འགྲོ་ལ་ཐུགས་རྗེས་བརྩེ་གཟིགས་ཐར་པའི་ལམ་ལ་དཀྲི་ཕྱིར་དུ།
བོན་ཡུལ་ཆེན་མོ་འོལ་མོའི་གླིང་དུ་གསས་ཁང་བར་པོ་སོ་བརྒྱད་ནང་།
ཐོད་དཀར་ཡབ་དང་རྒྱལ་བཞད་ཡུམ་གྱི་གཡུང་དྲུང་སྲས་སུ་སྐྱེ་བ་བཞེས།
ལྔ་གསུམ་བརྩིགས་པའི་དགུང་གྲངས་དེའི་རིང་ལྷོ་གཏེར་ཐེག་དགུའི་བོན་སྒོ་བསྟན།
མོ་རྩིས་དཔྱད་གཏོས་གནས་སྐབས་བདེ་བཀོད་སྤངས་བསྒྱུར་གྲོལ་གཞི་ལམ་འབྲས་གསུངས།
བཟོ་སྒྲ་གསོ་དང་ཕྱི་ནང་བཅས་ཀྱི་རིག་པའི་གནས་ཆེན་གཏན་ལ་ཕབ།
རྟག་གཟིག་ཞང་བོད་རྒྱལ་ཁམས་རྣམས་ལ་དྲུང་མུ་གྱེར་གྱི་བསྟན་པ་སྤེལ།
རིགས་དྲུག་མྱ་ངན་མ་དག་ཞིང་ལ་འདུལ་བ་གཤེན་གྱི་སྐུ་དྲུག་བཞེངས་།
གླིང་བཞིའི་སེམས་ཅན་གདུལ་བྱའི་ཆེད་དུ་འགྲོ་འདུལ་གཤེན་པོ་བཞི་རུ་སྤྲུལ།
གནམ་ས་བར་གྱི་གནས་ལ་འཁོར་བའི་གཡེན་འདུལ་བོན་པོ་སོ་གསུམ་སྤྲོས།
སྤྲུལ་སྐུ་བྱེ་ཕྲག་བརྒྱ་རུ་སྤྲུལ་དེ་འཛམ་གླིང་ཀུན་གྱི་འགྲོ་བ་འདུལ།
གནས་ངན་དམྱལ་བའི་ཡུལ་གྲོང་དེ་ན་གཏོ་བུ་ཁྲི་ཤི་འགུ་ལིང་དང་།
དྲག་བྱེད་ཧ་ལ་གུ་ཝེར་ལ་སོགས་གཤིན་དཔོན་ཆེན་པོས་མནར་བའི་ཚེ།
སྒྲིབ་པ་སྦྱོང་ཆེད་བོན་སྒོ་ཟབ་མོ་ཕྱི་རྒྱུད་སྔགས་ཀྱི་དཀྱིལ་འཁོར་ཕྱེས།
སྡིག་ཅན་མི་དགུ་ཐར་པའི་ལམ་ནས་འོལ་གླིང་ཞིང་ལ་འགྲོ་བ་འདྲེན།
བཅུ་དྲུག་ལང་འཚོ་གཞོན་ནུའི་དུས་ལ་བསྭོ་སྒྲ་སྒྲོགས་ཤིང་བོན་གླུ་ལེན།
ཁྱུང་མོ་ལྡིང་གི་གར་སྟབས་བསྒྱུར་ཞིང་མེ་ཏོག་གླིང་ལ་རྩེད་འཇོ་རོལ།
འཁོར་གྱི་བོན་རྣམས་རབ་ཆད་མ་ནིང་དབང་ཉམས་སྐྱོན་སེལ་བྱ་བའི་ཕྱིར།
ཧོས་དང་དཔོ་གྱི་སྲས་མོ་ན་ཆུང་རྒྱལ་སྲིད་དཔལ་འབར་ཁབ་ཏུ་བཞེས།
འོལ་ལུང་བོན་གྱི་ཡུལ་གྲུ་ཆེན་མོ་ཁ་ཡུག་མཛེས་པའི་གླིང་དེ་ན།
རྒྱལ་རིགས་གཤེན་གྱི་གདུང་རྒྱུད་དམུ་ཐག་ཨ་སྔོན་དགུང་ནས་འདྲེན་པའི་ཆེད།
དཔྱད་བུ་ཁྲི་དང་ཀོང་ཚ་ལ་སོགས་མོ་རྩིས་གཏོ་རྣམས་བསྟན་པའི་གཤེན།
ལྷ་རབས་གཤེན་གྱི་རུས་ལས་ཆད་པའི་རྒྱལ་སྲས་བརྒྱད་པོ་སྲས་སུ་སྤྲུལ།
འགྲོ་བའི་གཉེན་པོ་དྲེགས་པའི་རིགས་ཅན་བདུད་རྗེ་རྒྱ་ལག་ཐོད་ཀྱི་བུ།
ཁྱབ་པས་གཤེན་གྱི་རྟ་བདུན་རྐུས་པའི་ཐོད་སྲས་རྟ་ལ་མ་ཆགས་ཀྱང་།
ཟ་འདྲེ་སྲིན་པོ་གདུག་པ་ཅན་རྣམས་དམ་བཏག་སེམས་ཅན་བདེ་བཀོད་ཕྱིར།
འོལ་མོའི་གླིང་ནས་ཀོང་པོར་ཕེབས་ཏེ་སྲིན་རིགས་འབྱུང་པོ་བདུད་རྣམས་བཏུལ།
ཤག་རིགས་རྒྱལ་པོའི་འགྲོ་དོན་མཛད་ནས་གསས་མཁར་སྒྲོན་མ་དགུ་ཐོག་བརྩེགས།
བདེ་བར་གཤེགས་པའི་ཐུགས་ཀྱི་བརྟེན་དུ་མཆོད་རྟེན་བརྒྱ་དང་ཉི་ཤུ་བཞེངས།
གསས་ཁང་དཀར་ནག་བཀྲ་གསལ་གླིང་དུ་གསུང་རབ་གླེགས་བམ་མངའ་དབུལ་མཛད།
གཤེན་རབ་ཁ་སྟེ་མུ་ཡ་བཅས་ལ་ཐེག་དགུའི་བསྟན་པ་རྗེས་སུ་བཞགས།
གཤེན་གྱི་དགུང་གྲངས་སོ་གཅིག་ཐོག་ནས་འཁོར་བའི་རྒྱུན་ཐག་གཅོདཔའི་ཕྱིར།
བཙུན་མོ་ཞིང་ཆུ་ཁྱིམ་ཐབས་དོར་ནས་འདུལ་བའི་སྒོ་ཞུག་ཚུལ་མཛད་པའི།
ཀོང་བཟའ་ལྕམ་སོགས་ཞན་ཆགས་ཆེ་བའི་ངུ་སྒྲ་འབྱིན་བཞིན་ཤག་འདེབས་ཀྱང་།
མ་ཉན་འདུལ་ཆས་གོས་དྲུག་གསོལ་ནས་འཁོར་བའི་ཁྱིམ་སྤངས་རབ་ཏུ་བྱུང་།
གཡུང་དྲུང་དགུ་བརྩིགས་ནགས་ཚལ་གསེང་དུ་དབེན་པའི་གནས་སུ་དཀའ་བ་སྤྱད།
སྐུ་འཁོར་སེམས་དཔའ་དབང་རབ་རྣམས་ལ་ཚེ་གཅིག་སངས་རྒྱས་སྒྲུབ་ཐབས་མཆོག
རྫོགས་ཆེན་གབ་པ་ཡེ་ཁྲི་ལུང་དྲུག་བླ་མེད་ཐེག་པའི་བོན་རྣམས་གསུངས།
རི་དྭགས་སྨས་མ་ཅི་བཞིན་བཞུགས་ཤིང་གཅིག་པུར་འཁོར་སྤངས་དགོན་པ་མཛད།
མཐའ་བཞི་རྒྱ་གྲོལ་ཐིག་ལེ་ཉག་གཅིག་ལྟ་བ་ཟབ་མོ་ཡས་ནས་ཕུབ།
གཙུག་དགེ་དྲང་སྲོང་རྩ་ལག་འདུལ་ཁྲིམས་སྤྱོད་པ་མས་ནས་ཡར་ལ་འཛེགས།
གཞི་རྩ་སྙིང་རྗེ་ཆེ་བ་བླངས་ཤིང་ཐབས་ནི་ཕར་ཕྱིན་བཅུ་ལ་སྤྱོད།
རིན་ཆེན་བོན་འཁོར་ཚིག་བཞི་བསྟན་ནས་མཐར་ཕྱིན་དགའ་བ་དགེ་ལྡན་མཛད།
འགྲོ་འདུལ་སྟོན་མཆོག་དམུ་རྒྱལ་ཐོས་སྲས་གཤེན་གྱི་དགུང་ལོ་གྱ་གཉིས་སྐབས།
སྐྱེ་སྒས་ན་འཆིའི་འཇིག་པ་རྒོད་པོ་གཤེན་རབ་མཆོག་ལ་མི་མངའ་ཡང་།
དུས་རྣམས་ཀུན་དུ་རྟག་ཏུ་རེ་བའི་སེམས་ཅན་རྟག་འཛིན་སུན་ཕྱུང་ཕྱིར།
རྡུལ་གྲུབ་དངོས་པོ་མི་རྟག་ཚུལ་བསྟན་སྐུ་ཡི་དགོངས་རྫོགས་མྱ་ངན་འདས།
ཅེས་བོན་གྱི་འབྱུང་ལྡན་༣༠༡དགའ་བྱེད་བོད་ས་ཁྱི་ལོའི་ནག་ཟླའི་དཀར་ཕྱོགས་དགའ་བ་གསུམ་པའི་ཉིན་བྲིས།