ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བན་དྷེའི་བླ་རྒན་ཁག་གཅིག་ལ་སྤྲིངས་པའི་འཕྲིན་ཡིག་དྲང་བདེན་གསེར་གྱི་རི | 2019/2/27 0:53:00

གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བན་དྷེའི་བླ་རྒན་ཁག་གཅིག་ལ་སྤྲིངས་པའི་འཕྲིན་ཡིག་དྲང་བདེན་གསེར་གྱི་རི་མོ།  


                                                           ཁྱུང་ནག་ཐེག་མཆོག།


དེང་སང་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བན་དྷེའི་མཁས་པ་ཕལ་ཆེ་བ་ཞིག་གིས་བོན་བན་གཉིས་ཀྱི་གྲུབ་མཐའི་ལོ་རྒྱུས་བཤད་པའི་ཁ་ཐུག་སུ།  ནང་པ་ཞེས་པ་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ན་ལ་སྐྱབས་སུ་འགྲོ་མཁན་དེ་ལ་ནང་པ་དང་།དེ་ཁོ་ན་ལ་སྐྱབས་སུ་མི་འགྲོ་མཁན་དེ་ཕྱི་པའི་གྲལ་དུ་འཇོག། སངས་རྒྱས་ཀྱི་བསྟན་པ་དང་།  སངས་རྒྱས་ཆོས་ལུགས་ཞེས་པ་དེ་ཚོ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ལུགས་དེ་ཁོ་ན་ལ་སངས་རྒྱས་ཆོས་ལུགས་ཟེར་ནི་བཤད་དགོས་པ་དང་།  དེ་སྤངས་རྟོགས་མཐར་ཐུགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལུགས་ཡིན་པ་འདོད་ལ།  དེ་ལས་གཞན་པའི་ཆོས་ལུགས་ཐམས་ཅད་སྤངས་རྟོགས་མཐར་ཐུགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལུགས་དང་ནང་བསྟན་ཆོས་ལུགས་མ་ཡིན་པ་འདོད་པ་དང་།  བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གཙོས་པའི་མཁས་སློབ་ཆོས་གསུམ་གྱིས་རྒྱ་གར་ཤཱཀྱའི་ནང་བསྟན་ཆོས་ལུགས་དེ་སྤྱི་ལོའི་དུས་རབས་བརྒྱད་པའི་གོང་དུ་བོད་ལ་གདན་འདྲེན་མ་བྱས་པའི་སྔོན་དུ་བོད་ལ་སངས་རྒྱས་ཀྱི་བསྟན་པ་དང་།  ནང་བསྟན་ཆོས་ལུགས།  སངས་རྒྱས་ཀྱིས་གསུངས་པའི་སངས་རྒྱས་ཆོས་ལུགས་མེད།  དེ་སྐབས་སུ་བོད་ལ་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བོན་པོའི་ཆོས་ལུགས་ཡོད།  བོན་པོའི་ཆོས་ལུགས་དེ་ནི་ཁ་ཤས་ཀྱིས་སེམས་ཅན་བསད་ནས་དམར་མཆོད་ཁྲག་མཆོད་བྱེད་པའི་འཚེ་བ་ཅན་ཀྱི་ཆོས་ལུགས་ཤིག་ལ་འདོད་པ་དང་།  ཁ་ཤས་ཀྱིས་རྒྱུ་ཐེག་གི་གཞུང་མོ་གཏོ་སྨན་རྩིས་དང་རི་བསྟོད་ལྷ་གསོལ་གཡང་འགུག་བཅས་ཀྱི་གཞུང་ལུགས་ཡོད་པ་ཙམ་ལས་མཐར་ཐུགས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཏིལ་འབྲུ་ཙམ་ཞིག་མེད་པ་འདོད་པ་དང་།  དེ་ནས་རྒྱ་གར་ཤཱཀྱའི་ནང་བསྟན་ཆོས་ལུགས་དེ་བོད་ལ་སྤེལ་བའི་རྗེས་སུ་བོན་པོ་ཚོས་གཞི་ནས་རྒྱ་གར་ཤཱཀྱའི་ནང་བསྟན་ཆོས་ལུགས་ནང་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བཤད་པའི་ཆོས་གཞུང་མང་པོ་རྐུ་མ་རྒྱབ།  བསྒྱུར་བོན་གསར་དུ་བཟོས།  སྔོན་མ་བོན་ལ་རྒྱུ་ཐེག་གི་རྣམ་བཞག་ཙམ་ཡོད་པ་དེའི་ཐོག་ཏུ་བསྣན་ཁ་རྒྱབ་ནས་ད་ལྟ་བོན་པོ་ལ་རྡོ་ཆག་ལྷུ་སྒྲིག་གི་ཆོས་ལུགས་ཤིག་ཡོད་པ་འདོད་འདུག  དེ་ཚོ་ལ་ངས་རིམ་བཞིན་ལུང་རིག་གཉིས་ཀའི་ཐོག་ནས་ལན་ཞིག་འབུལ་དོད་བྱུང་།  དང་པོ་ཁྱེད་ཚོས་བོན་པོ་ནང་པ་མ་རེད།  རྒྱུ་མཚན་སྟོན་པ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མི་འགྲོ་བའི་ཕྱིར་ཞེས་པ་དེ་ལ་སྤྱིར་སྟངས་ནང་པ་ཞེས་པ་དེ་ང་ཚོ་གཡུང་དྲུང་བོན་ཀྱི་གཞུང་ལུགས་ནང་དུ་བོན་པོ་ནང་པ་ཡིན་པ་མ་བསྟན་པ་དང་ནང་པའི་རྣམ་བཞག་བཤད་རྒྱུ་མེད་པ་ཡིན་ན།  ང་ཚོ་བོན་པོ་ནང་པ་ཡིན་ཟེར་ནས་ཨུ་ཚུགས་དགོས་དོན་མེད་ཀྱང་།  དེ་ལྟར་མ་ཡིན་པ་གཡུང་དྲུང་བོན་གྱི་གཞུང་ལུགས་བཀའ་དང་བཀའ་རྟེན་གཉིས་ཀའི་ཁྲོད་དུ་བོན་པོ་ནང་པ་ཡིན་པ་གསུངས་ནས་ནང་པའི་རྣམ་བཞག་བཤད་ཡོད་པ་མང་པོ་མཇལ་རྒྱུ་ཡོད་དེ།  དང་པོ་དུས་རབས་བཅུ་དགུའི་ནང་དུ་སྐུ་འཁྲུངས་པའི་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་ཐུན་མོང་བསྡུས་གྲྭའི་རྣམ་བཤད་ལས།  མཆོག་གསུམ་སྐྱབས་གནས་སུ་འཛིན་པའི་གྲུབ་མཐར་ཞུག་པའི་གང་ཟག་དེ་ནང་པ་སངས་རྒྱས་པའི་མཚན་ཉིད་བཞག་པ་དང་།  དུས་རབས་བཅུ་བཞིའི་ནང་དུ་སྐུ་འཁྲུངས་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འདུལ་བ་ཀུན་བཏུས་ཀྱི་འགྲེལ་ལས།  བོན་ལ་ཚུལ་བཞིན་སྤྱོད་པ་ནི།  ནང་པ་སངས་རྒྱས་པ་ཡིན་པའི་ཁུངས་སུ་ཆུད་པར་བྱའོ།  གཞུང་ལ་ལ་ནས་ནང་པ་གཤེན་རབ་པ་ཞེས་གསུངས་སོ། ཞེས་དང་།  དུས་རབས་བཅུ་གཅིག་པའི་ནང་དུ་སྐུ་འཁྲུངས་པའི་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་ལམ་རིམ་སུམ་བརྒྱ་པ་ལས།  སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡི།  ཕྱི་རོལ་ནང་པའི་ཁྱད་པར་དེ་ཡིས་འབྱེད་ཅེས་དང་།  སྟོན་པ་ཤཱཀྱ་ཐུབ་པ་སྐུ་མ་འཁྲུངས་གོང་དུ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མ་རྒྱུད་ཐུགས་རྗེ་ཉི་མ་ཡེ་ཤེས་ཐེག་ལེའི་འགྲེལ་བ་ལས།  གཞི་ཡེ་ཤེས་རང་འབྱུང་གཏན་ལ་དབབ། དོན་ཐིག་ལེ་ཉག་གཅིག་ངོས་བཟུང་། ཡང་དག་ཁྱད་པར་གྱི་རུ་ཤན་དབྱེ།  གསལ་བ་རང་རིག་མྱོང་བ་བསྟན།  མཆོག་གི་གྲུབ་མཐའི་རང་གཞུང་འཆད་པ་དང་ལྔ་གསུངས་པའི་ནང་ནས་ཡང་དག་ཁྱད་པར་རུ་ཤན་དབྱེ་བའི་སྐབས་སུ་གསུམ་པ་ཡང་དག་ཁྱད་པར་རུ་ཤན་དབྱེ་བ་ནི།  ཡང་དག་ཅེས་པས་དེའི་འགལ་ཟླ་མ་དག་པའི་ཕྱོགས་དང་ཕྱེ་ནས་ཡང་དག་ནི།  བསྟན་པ་ལ་ཕྱི་ནང་གཉིས་ལས་ནང་པ།  ནང་པའི་རྒྱུ་འབྲས་གཉིས་ལས་འབྲས་བུ།  འབྲས་བུ་ཆེ་ཆུང་གཉིས་ལས་ཆེན་པོར་ཞེས་དང་།  སྟོན་པ་གཤེན་རབ་ཀྱིས་མཛད་པའི་བཀའ་བོན་གྱི་ཐེག་པ་རིམ་པ་དགུ་ཡི་འགྲེལ་བ་མེ་ལོང་དགུ་སྐོར་ལས།  ནང་པ་གཤེན་རབ་ཀྱི་ཐེག་པ་བསྡུས་ན་རྣམ་པ་གཉིས་སུ་འདུས་ཏེ།  རྒྱུ་ཡི་ཐེག་པ་དང་འབྲས་བུའི་ཐེག་པའོ།  ཞེས་དང་།  སྟོན་པ་གཤེན་ལྷ་འོད་དཀར་གྱིས་མཛད་པའི་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས།  ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་པ་ཞེས་སོགས་ད་དུང་དེ་ལས་གཞན་པའི་བོན་གཞུང་དུ་མའི་ནང་དུ་ནང་པའི་རྣམ་བཞག་བཤད་ཡོད་པ་མང་པོ་མཇལ་རྒྱུ་ཡོད།  དེ་ནས་གཡུང་དྲུང་བོན་ལུགས་ལ་ནང་པ་ཡིན་མིན་གྱི་ཚད་ནི་སྐྱབས་གནས་ཡུལ་མཆོག་གནས་བཞི།  བླ་མ་དཀོན་མཆོག  སངས་རྒྱས་དཀོན་མཆོག།  བོན་དཀོན་མཆོག།  སེམས་དཔའ་དཀོན་མཆོག་བཞི་སྐྱབས་གནས་སུ་ཁས་ལེན་མཁན་ལ་ནང་པ་དང་།  དེ་ཁས་མི་ལེན་པ་ལ་ཕྱི་པ་འཇོག་པའི་རྒྱུ་མཚན་དེའི་ཕྱིར་ན་ང་ཚོ་བོན་པོ་ནང་པ་ཡིན་ཟེར་དགོས་དོན་དེ་རེད།  གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་པའི་ཁྱོད་ཚོ་བན་དྷེ་བླ་རྒན་ཁག་གཅིག་གིས་བཤད་སྟངས་ལྟར་ན་ཕྱི་ནང་གཉིས་ཀྱི་ཁྱད་པར་དེ་སྟོན་པ་ཤཱཀྱ་ཐུབ་པ་ཁོ་ན་ལ་སྐྱབས་སུ་འགྲོ་མི་འགྲོ་སྒོ་ནས་འཇོག་ན།  ཁྱབ་ཆུང་བའི་སྐྱོན་ཡོད་དེ་བོན་པོ་ལ་མ་ཁྱབ་པའི་ཕྱིར།  སྟོན་པ་ཤཱཀྱ་ཐུབ་པ་ཁོ་ན་ལ་སྐྱབས་སུ་མ་འགྲོ་ན་ནང་པ་མ་ཡིན་པའི་ཁྱབ་པ་མེད་དེ་བོན་པོ་དེ་དེ་ཡིན་ནོ།  གལ་སྲིད་བོན་པོ་ནང་པ་མིན་ཟེར་དགོས་ན་གོང་ནས་སྟོན་པ་གཤེན་རབ་ཀྱི་བཀའ་ཐེག་འགྲེལ་མེ་ལོང་དགུ་སྐོར་དེ་དང་བོན་གཞུང་དུ་མ་ལས་བོན་པོ་ནང་པ་ཡིན་པ་གསུངས་ནས་ནང་པའི་རྣམ་བཞག་བཤད་ཡོད་པ་དེ་དག་ཚང་མ་ལ་འགལ་ལོ།  གཉིས་པ།  སྤྱིར་སྟངས་ནང་པ་ཡིན་མིན་གྱི་ཚད་དེ་བོན་གྱི་སྟོན་པ་གཤེན་རབ་ཁོ་ན་ལ་སྐྱབས་སུ་འགྲོ་མི་འགྲོ་སྒོ་ནས་འཇོག་ན་བན་དྷེ་ཕྱི་པ་ཡིན་པ་འགྱུར་ལ།  བན་དྷེའི་སྟོན་པ་ཤཱཀྱ་ཐུབ་པ་ཁོ་ན་ལ་སྐྱབས་སུ་འགྲོ་མི་འགྲོ་སྒོ་ནས་འཇོག་ན་བོན་པོ་ཕྱི་པ་ཡིན་པ་འགྱུར་རོ།  དེ་ལྟར་ཡིན་དུས་ནང་པ་ཡིན་མིན་གྱི་ཚད་ཡང་དག་པ་ནི།  བོན་པོའི་ཆོས་གཞུང་ནས་བཤད་པའི་སྐྱབས་གནས་ཡུལ་མཆོག་གནས་བཞི།  བླ་མ་དཀོན་མཆོག  སངས་རྒྱས་དཀོན་མཆོག  བོན་དཀོན་མཆོག  སེམས་དཔའ་དཀོན་མཆོག་དང་།  བན་དྷེའི་ཆོས་གཞུང་ནས་བཤད་པའི་སྐྱབས་གནས་བླ་མ་དཀོན་མཆོག  སངས་རྒྱས་དཀོན་མཆོག  ཆོས་དཀོན་མཆོག  དགེ་འདུན་དཀོན་མཆོག  མདོར་ན་བོན་བན་གཉིས་གང་རུང་གི་སྐྱབས་གནས་དཀོན་མཆོག་བཞི་ལ་སྐྱབས་སུ་འགྲོ་མི་འགྲོ་སྒོ་ནས་འཇོག་ན་བོན་པོ་ཕྱི་པ་ཡིན་པ་མི་འགྱུར་ལ།  བན་དྷེ་ཕྱི་པ་ཡིན་པ་མི་འགྱུར་བའི་བོན་བན་གཉིས་ཀ་ལ་གནོད་བྱེད་གང་ཡང་མེད།  ནང་པ་སངས་རྒྱས་པ་ཡིན་ལ་སྟོན་པ་གཤེན་རབ་དང་སྟོན་པ་ཤཱཀྱ་ཐུབ་པ་གཉིས་གང་རུང་ལ་སྐྱབས་སུ་མི་འགྲོ་མཁན་ཞིག་མེད་པའི་ཕྱིར།  རྒྱུ་མཚན་དེའི་ཕྱིར་ན་བོན་པོས་བན་དྷེ་ནང་པ་མ་རེད་ཟེར་ནི་བཤད་དགོས་དོན་མེད་ལ།  བན་དྷེས་བོན་པོ་ནང་པ་མ་རེད་ཟེར་ནི་བཤད་དགོས་དོན་མེད།  བོན་བན་གཉིས་ཀ་ནང་པ་ཡིན།  སངས་རྒྱས་ཀྱི་བསྟན་པ་དང་།  སངས་རྒྱས་ཆོས་ལུགས་ཞེས་པ་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ལུགས་ཁོ་ན་ལ་གོ་མི་དགོས།  སྤངས་རྟོགས་མཐར་ཐུགས་པའི་སངས་རྒྱས་ཀྱིས་གསུང་པའི་ཆོས་ལུགས་ལ་བཞག་ན་ཆོག་པའི་བོན་པོའི་ཆོས་ལུགས་དེ་སངས་རྒྱས་ཀྱི་བསྟན་པ་དང་།  སངས་རྒྱས་ཆོས་ལུགས་ཡིན་ཏེ་སྤངས་རྟོགས་མཐར་ཐུགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་ཆོས་ལུགས་ཡིན་པའི་ཕྱིར།  བོད་རྒྱུད་ནང་བསྟན་ཆོས་ལུགས་དངོས་ནི་བོན་པོའི་ཆོས་ལུགས་ཡིན་ཏེ།  སྤྱི་ལོའི་དུས་རབས་བདུན་པའི་གོང་ནས་བོད་རང་ས་ནས་དར་ཞིང་སྤུ་རྒྱལ་བོད་ཀྱི་རྗེ་བོ་དང་བོན་གཤེན་རིག་འཛིན་གྲུབ་ཆེན་བརྒྱད་བཅུ་འཇའ་ལུས་འཕོ་ཆེན་ཉེར་བཞི་བཅས་ཀྱིས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་མཐར་ཐུགས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཉམས་སུ་ལེན་ནས་སངས་རྒྱས་པའི་ནང་པ་གཤེན་རབ་པའི་ཆོས་ལུགས་ཡིན་པའི་ཕྱིར།  དེ་ནས་རྒྱ་གར་ཤཱཀྱའི་ནང་བསྟན་ཆོས་ལུགས་དེ་བོད་ལ་མ་སྤེལ་བའི་གོང་དུ་བོད་ལ་ཡོད་པའི་གཤེན་རབ་བོན་པོའི་ཆོས་ལུགས་དེ་སེམས་ཅན་བསད་ནས་དམར་མཆོད་ཁྲག་མཆོད་བྱེད་པའི་འཚེ་བ་ཅན་ཀྱི་ཆོས་ལུགས་ཤིག་ལ་འདོད་པ་ནི།  གཡུང་དྲུང་བོན་གྱི་ལོ་རྒྱུས་ཡང་དག་པ་མ་ཤེས་པའི་སྐྱོན་ཁོ་ན་ཡིན་ཏེ།  སྟོན་པ་གཤེན་རབ་ཀྱི་ཞལ་ནས།  ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པ།  གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ།  དེ་ནི་ལོག་པ་གོལ་བའི་བྱ་རུ་མི་རུང་ངོ།  ཞེས་པའི་ལུང་ཚིག་དེ་ལ་བརྟག་དཔྱད་བྱས་ན་གཤེན་རབ་རྗེས་འབྲང་བོན་པོ་ཚོས་སེམས་ཅན་བསད་ནས་དམར་མཆོད་འབུལ་དགོས་མེད་རྟོགས་ཐུབ་པ་ཡིན་ནོ།


གོས་དམར་ཅན་གྱི་ཆོས་པ་མགོ་རིལ་ཚོས།

བོན་པོ་ནང་པ་མིན་པ་བཤད་མི་དགོས།

བན་དྷེ་ནང་པ་མིན་པ་བཤད་མི་དགོས།

མི་དགོས་ས་ལ་ཕྱོགས་རིས་ལྟ་ངན་འདི།

སྟོན་པ་གཤེན་ཤཱ་གཉིས་ཀྱི་བཀའ་ཡང་མིན།

སྔོན་བྱོན་སྐྱེས་ཆེན་དམ་པས་གསུང་མྱོང་མེད།

བོན་བན་གཉིས་ཀའི་ཕྱི་ནང་འབྱེད་ཚུལ་ལ།

མ་རྨོངས་ལེགས་པར་ཤེས་དགོས་གལ་ཆེའོ།

སྤྱི་ལོ་༢༠༡༧.ཟླ་བ་༡༠པའི་ཚེས་༡༠ཉིན།  

Re:གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བན་དྷེའི་བླ་རྒན་ཁག་གཅིག་ལ་སྤྲིངས་པའི་འཕྲིན་ཡིག་དྲང་བདེན་གསེར་གྱི་རི | 2019/2/28 12:39:10
ལྡོང་གསེར་འབུམ།(སྐུ་མགྲོན)༡རྒྱལ་གཤེན་མི་ལུས་བསམ་ལེགས་སྟོན་པ་ཤཀཱ་ཐུབ་གོང་དུ་འཁྲུངས་པ་དང་། ༢ད་ལྟའི་གཡུང་དྲུང་བོན་གྱི་བཀའ་བརྟེན་སུམ་བརྒྱ་ལྷག་དེ་དུས་རབས་བདུན་པའི་གོང་དུ་ཡོད་པའི་བདེན་དཔང་ཁུངས་ཐུབ་ཅི་དགོད་རྒྱུ་ཡོད།?

རྩོམ་པ་པོ།:ལྡོང་གསེར་འབུམ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.