སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གོང་མ་དང་མཐུད།
[ 2011/5/24 18:56:00 | By: ལྷ་གཡག་དར་མ། ]
 

རྨོངས་པའི་འབྱོར་ཡིད་འཕྲོག་པའི་གཏེར་སྟོན་རྣམས། །

གསང་དོན་རྡོ་ལ་བརྐོ་བའི་གྲོགས་ཟེར་ནས། །

ཁྱིམ་ཐབས་བདག་གིར་བཟུང་ལ་ཐུགས་དགྱེས་ཀྱང་། །

ཟབ་གཏེར་མོ་ཕྱིར་མིན་པ་ཤེས་སམ་ཅི། །

རང་ཚོད་ཞེ་ལ་མེད་པའི་གྲུབ་ཐོབ་རྣམས། །

ཆོས་མཛད་གོང་མ་རྣམས་ལ་སྐྱོན་བརྗོད་ནས། །

རྡོ་བརྫིས་ལྕགས་བཀུག་སོགས་ལ་ཐུགས་དགྱེས་ཀྱང་། །

བྱང་སེམས་རྩ་བ་ཆད་པ་མཁྱེན་ནམ་ཅི། །

སྟོང་སྒོམ་མུན་མདའ་འཕེན་པའི་སྒོམ་ཆེན་རྣམས། །

མཐའ་བྲལ་སྨྲ་ཡང་བྲལ་གཞི་མ་ཤེས་ནས། །

སྲིད་རྩེའི་ལྟ་བར་ཞེན་ལ་ཐུགས་དགྱེས་ཀྱང་། །

དོན་མེད་ལོག་པར་གོལ་དེ་ཚོར་རམ་ཅི། །

དགྲ་གཉེན་གཞན་ནས་བསྒྲུབ་པའི་བྱ་བཏང་རྣམས། །

བྱར་མེད་གནས་ལ་བྱ་རྒྱུ་མང་དྲན་ནས། །

བྲེལ་གཟིང་ཚུབ་རྒྱ་ཆེ་ཐུགས་དགྱེས་ཀྱང་། །

རང་གཡེང་རོགས་བསླུ་བྱས་པ་གཟིགས་སམ་ཅི། །

རང་བདེ་འབའ་ཞིག་བསྒྲུབ་པའི་དྲང་སྲོང་རྣམས། ། 

འདོད་པའི་ལས་ལ་གཞན་ཡང་བསྐུལ་བྱས་ནས། །

ནོར་སོགས་གྲགས་འཐོབ་རེ་བར་ཐུགས་དགྱེས་ཀྱང་། །

རང་གནོད་དོགས་ཀྱིས་གཞན་འཁྲུགས་རིག་གམ་ཅི། །

དབེན་པར་ཚེ་འདི་གཉེར་བའི་རི་པ་རྣམས། །

ཉེ་བའི་ཡོན་བདག་གྲོང་ཁྱིམ་ཁ་འཛིན་དུ། །

ཕེབས་ཕེབས་འབྱོན་འབྱོན་ངང་ལ་ཐུགས་དགྱེས་ཀྱང་། །

གཡེང་བས་མི་ཚེ་ཟད་པ་དྲན་ནམ་ཅི། །

བློ་མང་བག་མི་ཕེབས་པའི་རྣལ་འབྱོར་རྣམས། །

འདི་ལྷག་གནད་དང་འདི་ཟབ་བོན་བསམ་ནས། །

རྒྱུག་རྒྱུག་ཚོལ་ཚོལ་ཞིག་ལ་ཐུགས་དགྱེས་ཀྱང་། །

འདུག་དུས་འགྲུབ་དུ་མེད་དེ་རྟོགས་སམ་ཅི། །

སྟོང་སྐད་ནམ་མཁའ་འདྲ་བའི་རྟོགས་ལྡན་རྣམས། །

སྒོམ་ལུགས་ཁྱི་རྒན་ལས་ཀྱང་སྡུག་བྱས་ནས། །

ཐོས་བསམ་གཤེ་སྐུར་འདེབས་ལ་ཐུགས་དགྱེས་ཀྱང་། །

གཏི་མུག་ནགས་ལ་འཁྱམས་པ་མ་རྟོགས་སམ། །

རྟོགས་འཛིན་བྲམ་ཟེ་ལས་ཆེ་འཁྲུལ་ཞིག་རྣམས། །

དགོང་དྲོ་ཙམ་གྱིས་དགྱེས་དང་འཚོམ་གྱུར་ནས། །

སྨྱོ་རྒྱུག་གཟའ་འགྲོས་སྤྱོད་ལ་ཐུགས་དགྱེས་ཀྱང་། །

གཙང་མའི་འཛིན་པ་རགས་པ་མ་རིག་གམ། །

ཐ་སྙད་སྤྲོས་མཐར་འབྱམས་པའི་མཁས་པ་རྣམས། །

ཚིག་འབྲུ་ཙམ་ལའང་རང་ཕྱོགས་བསྒྲུབ་བསྒྲུབས་ནས། །

སྒོམ་སྒྲུབ་ཟུར་ཟ་འདོགས་ལ་ཐུགས་དགྱེས་ཀྱང་། །

དོན་ལ་དྲན་པ་སྟོར་བ་མ་ཤེས་སམ། །

རང་དྲེགས་མཆོག་ཏུ་རློམ་པའི་དགེ་སྦྱོང་རྣམས། །

ཞེ་སྙེམ་དབང་གིས་གཞན་ལ་བརྙས་བརྙས་ནས། །

གཏོང་སྡུད་འཚུབ་ཉིལ་དག་ལ་ཐུགས་དགྱེས་ཀྱང་། །

བསླབ་པ་སེམས་ཀྱིས་བཀྲལ་དེ་མ་དགོངས་སམ། །

དང་པོ་ཚུལ་བཟང་རློམས་པའི་དགེ་སློང་རྣམས། །

ལེགས་སྨོན་དུག་གིས་བསྐྱེད་པའི་བློས་བསླུས་ནས། །

བསྲུང་སྡོམ་རིམ་ལྷོད་དེ་ལ་ཐུགས་དགྱེས་ཀྱང་། །

རྒས་ཁར་ཕལ་པ་བཞིན་གྱུར་མ་ཚོར་རམ། །

ཆོས་བརྒྱད་ཁེ་རྔམས་སྒྲོགས་པའི་དགོན་སྡེ་རྣམས། །

རྩོད་འཁྲུགས་གཞི་ཆེ་ཀུན་ལ་དགྲ་སྡང་ནས། །

ཁྲོ་སླ་འཐབ་མོ་འགྱེད་ལ་ཐུགས་དགྱེས་ཀྱང་། །

སྡིག་ཚོགས་ཕྱི་རུ་འཕེལ་བ་མ་མཁྱེན་ནམ། །

འབུལ་ལོངས་ཁྲལ་སྡུད་བླ་བྲང་ནང་ཟན་རྣམས། །

འབྱུང་སྒོ་མང་ཡང་ཡོད་སྒོ་ཉུང་བྱེད་ནས། །

མེད་མེད་ཆད་ཆད་སྨྲ་ལ་ཐུགས་དགྱེས་ཀྱང་། །

དམ་པའི་ལ་ཡོགས་འཁྲི་བ་མ་དྲན་ནམ། །

བླ་དགོན་དཀོར་གྱིས་སྦོས་པའི་གྲྭ་ཚང་རྣམས། །

སྒེར་ནོར་རོ་ཉེ་ལ་ཡང་འཕང་གྱུར་ནས། །

གཞུང་རྫས་གསེར་དངུལ་བཀོལ་ལ་ཐུགས་དགྱེ་ཀྱང་། །

གཞན་གྱིས་འཕྱའ་ཁྲེལ་སྨོད་པ་མ་གསན་ནམ། །

དགེ་ཕྱོགས་ལག་དམ་སྨྲ་མཁན་ཕྱག་མཛོད་རྣམས། །

མཐུན་འཇུག་རྣམས་གྲངས་དཀོར་ཐོགས་འགྱེད་མཁས་ནས། །

རང་དབང་ཕུག་ཉར་སོགས་ལ་ཐུགས་དགྱེས་ཀྱང་། །

སྟོང་སྡེའི་མི་ཁ་གླེངས་དེ་གཟིགས་སམ་ཅི། །

གཡོ་ཐབས་སྐོར་འགོ་རྒོད་པའི་གཉེར་པ་རྣམས། །

ཚོགས་ལ་མིན་ཡང་ཆེ་དང་རང་ཚིམས་ནས། །

ཁེངས་དཀའ་སྟོང་སླ་བྱེད་ལ་ཐུགས་དགྱེས་ཀྱང་། །

གྲྭ་མང་ཟུར་ནས་འཁང་དེ་གསན་ནམ་ཅི། །

དམན་པ་ལས་ཀྱང་འབེབས་པའི་དགེ་བསྐོས་རྣམས། །

ཅོས་ཚུལ་མཐུན་པའི་དགེ་ཁྲིམས་བཅའ་བཏང་ནས། །

རང་འདོད་ཁེ་གྲགས་སྙེམས་ལ་ཐུགས་དགྱེས་ཀྱང་། །

ཆེ་བཙན་ཀླད་ལ་ཤོར་དེ་མཐོང་ངམ་ཅི། །

ངར་སྐད་གྲགས་འདོད་ཆེ་བའི་དབུ་མཛད་རྣམས། །

རིམ་གཉིས་ཟུང་འབྲེལ་ཕྱག་ལེན་ཕར་བཞག་ནས། །

རྔ་དབྱུགས་དྲག་བརྡུང་ཞིག་ལ་ཐུགས་དགྱེས་ཀྱང་། །

སྙན་བྱིན་བརྗིད་ཚུགས་མེད་དེ་མཁྱེན་ནམ་ཅི། །

དཀོར་འབུལ་གང་ལེགས་འཁྱེར་བའི་གསོལ་དཔོན་རྣམས། །

དམ་པའི་གསུང་ཡང་ཕྱེད་ཉན་ཕྱེ་སྤངས་ནས། །

གསོལ་ཟས་ཞིམ་མངར་ཞིག་ལ་ཐུགས་དགྱེས་ཀྱང་། །

བག་ཆགས་ལྷག་པོས་ཉེས་དེ་ཚོར་རམ་ཅི། །

ཞལ་ཟས་མར་མེས་འཚོ་བའི་དཀོར་གཉེར་རྣམས། །

བདེར་གཤེགས་རྟེན་ལའང་ཇི་མི་སྙམ་པའི་ངོས། །

མཆོད་ཚོགས་ཉེར་མཁོ་བྱ་ལ་ཐུགས་དགྱེས་ཀྱང་། །

རྣམ་སྨིན་གང་ཅིས་གོས་དེ་ཤེས་སམ་ཅི། །

ཅིས་ཀྱང་ངེས་ཤེས་མེད་པའི་ཁོ་ཕྲེ

༼ བླ་མ་དང་དཔོན་གྱི་འཁོར་རྒྱུ་བརྔམ་ཅན་ནམ་ཞེ་གནག་ཅན་ལའོ།༽ རྣམས། ། 

རྫོགས་སངས་རྒྱས་ལའང་ཡི་རང་མེད་གྱུར་ནས། །

བླ་དགོན་དཀོར་ཐོག་སྤྱོད་ལ་ཐུགས་དགྱེས་ཀྱང་། ། 

འདི་ནས་ཕེབས་ཅིང་བྱེད་དེ་རིག་གམ་ཅི། །

དེས་ན་ད་ལྟའི་དགེ་ཚོགས་རྒྱ་ཆེ་ཡིས། །

སྦྱོར་དངོས་རྗེས་ཀྱི་བསླབ་པ་རྒྱས་ཐེབས་པའི། །

ཚར་གཅིག་སྐྱབས་འགྲོའི་བསོད་ནམས་རྗེས་མི་འགྲོ། ། 

མི་འགྲོ་རྗེས་ལ་འཇུག་པ་ཤིན་ཏུ་མང་། །

མདོར་ན་རང་གཞན་དོན་དུ་ཁས་འཆེ་བའི། །

དགེ་བྱེད་མཐོ་དམན་སྐྱེ་བོ་གྲངས་མང་ཡང་། །

མ་ཚོར་དྲན་པ་སྟོར་བའི་གཟུགས་བརྙན་ལས། །

བྱང་ཆུབ་སྙིང་པོའི་དོན་ཡོད་ཉུང་བར་གདའ། །

ཕལ་ཆེར་བླུན་པོས་སྡིག་པའི་ལས་བསགས་ཤིང་། །

ཆོས་སྒོར་ཞུགས་པའང་བརྙན་གྱུར་དུས་འདིར། །

མཚན་དང་དོན་མཚུངས་ཚུལ་ལྡན་དགེ་བསྒྲུབ་པའི། །

སྐྱེས་བུ་རྣམས་ལ་སུ་ཡང་ལྷག་པར་གུས། །

དེ་ལས་རྟག་འཛིན་བདུད་ཀྱིས་དམ་བཟུང་ནས། །

ངན་འགྲོའི་གཡང་ཁར་འཁྱེར་བའང་མི་ཚོར་རྣམས། །

དྲན་སད་རྒྱལ་བའི་བཀའ་ལུང་རྒྱ་མཚོ་དང་། །

དམ་པའི་གསུང་སྒྲོས་སྟོང་གིས་འབོད་པར་བྱེད། །

དེས་ཀྱང་མི་ཉན་བདུད་ཀྱི་ཕྱོགས་བཟུང་ཞིང་། །

བདེ་ལམ་མངོན་སུམ་མཐོ་ཡང་སྤངས་བྱེད་ཅིང་། །

སྡིག་པའི་མངོན་རྟོགས་ངོམས་པས་འདི་མཐོང་ན། །

བརྗོད་རིགས་མིན་ཞེས་སྨོད་འཕྱས་འགོག་ཏུ་བརྩོམ། །

དིང་དུས་ཆེར་སྙིགས་གྲགས་པས་བསྡུས་པའི་མིའི། །

འདོད་གཏམ་དྲང་སྲོང་བཀའ་བཞིན་ཀུན་ཉན་ཅིང་། །

ཆོས་མཐུན་དགེ་གཏམ་སྨོས་འཁྲུག་འགྱུར་ཡང་། །

ཀྱེ་མ་དུས་ཀྱི་གཤིས་ཏེ་ཅི་བྱར་ཡོད། །

བློ་གསར་ཁོང་དགེ་དད་དམ་ལྡན་པའ་མི། །

ངེས་ཤེས་ཁྲེལ་ཡོད་གོ་ཆས་ཕྱུག་པ་རེ། །

སྲིད་ན་དེ་ཡིས་གདམས་ངག་འདི་ལོངས་དང་། །

ཆོས་བརྒྱད་དམག་དཔུང་བཟློག་པ་ཡོང་ངམ་སྙམ། །

འདི་ནི་ཡི་རང་མེད་པའི་སྙིང་ཁམས་ཀྱིས། །

མཐོ་གནོན་ཟུར་ཟ་བརྗོད་པ་མ་ལགས་ཤིང་། །

རང་དང་རང་འདྲའི་གོལ་དྲེད་མི་རྣམས་ལ། །

བྱང་ཆུབ་དྲན་བསྐུལ་ཙམ་གྱི་བརྗེད་བྱང་ལགས། །

མ་དག་སྣང་བར་ཞེན་པའི་རྟོག་འཛིན་བློས། །

སྐྱོན་ཡོན་གཉིས་སུ་མཐོང་བའི་སྤང་ལེན་གྱིས། །

མཉམ་ཉིད་སྒྱུ་མའི་དོན་ལས་འགལ་འགྱུར་གང་། །

འཀོར་འདས་མཉམ་གཟིགས་མཁའ་གྲུབ་རྣམས་ལ་བཤགས། ། 

ཕན་གྱུར་སྲིད་ན་འདི་ལ་སྐྱོན་རྟོག་འདབ་སྟོང་རྒྱས་པར་བསྔོ། །

དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག ། 

ཅེས་པའང་ཧོར་སྤྲང་འཇིགས་མེད་ནམ་མཁའི་རྡོ་རྗེས་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་རི་ལ་བྲིས་པའོ།

 
 
Re:གོང་མ་དང་མཐུད།
[ 2011/5/26 20:14:12 | By: danzengyixi ]
 
danzengyixiགོང་གི་དྲྭ་གྲོགས་ལགས། ཁོ་བོའི་ཟིན་བྲིས་སུ་ཕེབས་པར་དགའ་སྤྲོ་ཆེའོ། ། མུ་མཐུད་ནས་བསམ་བློ་བརྗེ་རེས་དང་བཀའ་སློབ་གནང་བར་ཕེབས་པར་རེ་སྒུག་བྱེད་ཀྱིན་ཡིན་ནོ། །
རེད་ཡ་དམ་པ་ཁོང་ནི་ང་ཚོའི་བསྟན་པའི་མེ་རོ་སྤར་མཁན་གྱི་གྲས་ཤིག་ཡིན་པ་སྨོས་མེད་རེད། །
 
 
Re:གོང་མ་དང་མཐུད།
[ 2011/5/26 0:45:21 | By: laozhuojueni ]
 
laozhuojueniཡང་དག་ཉམས་བཞེས་ཁྲོད་དུ་ཡང་རྩེ་བ། །
མཁས་མང་འདུས་པའི་དབུས་ན་མཁས་གྲུབ་དངོས། །
ས་སྟེང་འགྲོ་འདྲེན་གྲལ་གྱི་ས་བཅུ་པ། '
ཁྱུང་ལུང་ཡུལ་གྱི་ཁྱུང་སྤྲུལ་མཆོག་མཁྱེན་ནོ།།

ཁྱུང་སྤྲུལ་རིན་པོ་ཆེའི་ཞལ་གདམས་འདི་དག་ལ་བྱིན་རླབས་ཆེན་པོ་ཡོད་རེད། ང་ཚོ་བོན་པོ་རྣམ་པས་འདི་དག་བཤར་སྦྱོང་བྱས་ན་ཧ་ཅང་བཟང་སྙམ། ཟིན་གྲོགས་བསྟན་ཡེ་ལགས་ཤིན་ཏུ་ནས་བཀའ་དྲིན་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.