དགོན་པའི་དུས་མཆོད་ནི།
༧བོད་ཟླ་དང་པོའི་ཚེས་གསུམ་ནས་བརྒྱད་བར་གངས་ཅན་མཁས་པའི་གཙུག་རྒྱན་༧ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འཁྲུངས་མཆོད་སྐབས། མདོ་གཡུང་དྲུང་ཀློང་རྒྱས་དང་། རྒྱལ་བ་མཉམ་མེད་པའི་བླ་སྒྲུབ། སྲིད་རྒྱལ་སྟོང་ཚོགས་བཅས་དང་།།
༧བོད་ཟླ་གསུམ་པའི་ཚེས་ལྔ་ནས་བཅུ་དྲུག་བར་མེ་ཏོག་མཆོད་པ་ལ། མདོ་གཡུང་དྲུང་ཀློང་རྒྱས་དང་། ཞི་ཁྲོ་རྒྱས་པ། ཆོ་ག་བཅུ་གཉིས། ཁམས་ཆེན་བཅས་དང་།།
༧བོད་ཟླ་ལྔ་པའི་ཚེས་བཅུ་བཞི་ནས་བཅུ་དྲུག་བར་འཛམ་གླིང་སྤྱི་བསང་གི་དུས་དང་བསྟུན་ཞི་བ་ཨ་གསལ་གྱི་གཞུང་བསྲང་སྟེ་སྟོང་རྒྱུང་བརྔན་མོ་ཆེ་སོགས་བསང་གསོལ་རྒྱས་འབུལ་དང་སྟབས་ཅིག་བླ་གྲྭ་དང་ལྷ་སྡེ་རྒྱས་འཛོམས་ཐོག་རྒྱབ་རིའི་གསས་མཁར་རྩར། བསང་མཆོད་ནམ་མཁའ་གང་བར་ཕུལ་ནས་ཀི་བསྭོ་ལྷ་རྒྱལ་གྱི་སྒྲ་དང་བཅས་སྒྲ་བླ་དཔའ་སྟོད་དང་ཝེར་མའི་ཚོགས་ཀྱི་ངོ་སོ་ཡར་ལ་བསྟོད་ཤིང་དེ་དང་དུས་མཚུངས། ལྷ་སྡེ་རྣམས་པས་ཞིམ་དགུ་ཟས་དང་མངར་བཅུའི་སྐྱེམས་ལ་རོལ་ཏེ་དགའ་སྤྲོའི་དཔལ་ལ་སྤྱོད་པ་བཅས་དང་།།
༧བོད་ཟླ་བདུན་པའི་ཚེས་བཅུ་གསུམ་ནས་ཉི་ཤུ་གསུམ་བར་སྤྱི་གཏོ་ཆེན་མོ་ལ་སྟག་ལའི་ཚོགས་དང་སྲུང་བཟློག་རྒྱས་འབུལ། སྐོང་འབུམ་དང་གསོལ་ཁ་རྒྱས་འདོན་བཅས་དང་།།
༧བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་བཅུ་གཉིས་པའི་ཚེས་གསུམ་བར་དགུ་གཏོར་ཆེན་མོ་ལ། ཡི་དམ་དབལ་གསས་ཀྱི་ཚོགས་དང་སྲུང་བཟློག བོན་སྐྱོངས་ཚོགས་བརྒྱ་དང་ཡི་དམ་གྱི་བཀའ་དབང་། མ་ཟད་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་བཀའ་སྐྱོངས་སྡེ་དྲུག་གི་གར་འཆམ་དང་བཟློག་མདོས་འབུལ་བ་བཅས་བྱེད་སྲོལ་ཡོད། གཞན་རྒྱུན་པར་ཉ་ཆེན་རྣམས་སུ་ཀློང་རྒྱས་དང་། ཡི་དམ་རིག་འཛིན་སྲུང་མ་བཅས་ཀྱི་འདུ་འཚོགས་དང་། སྒྲུབ་ཁང་ལྷ་མཆོད་སོགས་ཆགས་མེད་དུ་བཞུགས་དགོས་པ་བཅས་སོ།།
དགོན་གྱི་ནང་བསྟན་གཙོ་བོ་ནི། རྒྱུ་སྨན་འདམ་ལས་གྲུབ་པའི་ཡི་དམ་དབལ་གསས་དང་། སྟག་ལ། མཉམ་མེད་བཅས་ཀྱི་སྐུ་འདྲ་དང་། ཨ་དཀར་དྲང་སྲོང་དང་། ལྕག་མོ་དྲང་སྲོང་རྣམ་གཉིས་ཀྱི་གསེར་གདུང་བཅས་ལ་མཐོ་ཚད་སྤྱི་ཁྲེ་གཉིས་དང་ཀུང་ཧྥན་ལྔ་བཅུ་ཙམ་ཡོད། དེ་བཞིན་ཞལ་ཐང་བྲིས་མ་དང་། གསུང་རབ་པོད་བཅུ་ཕྲག་ཁ་ཤས་དང་མཆོད་ཆས་རིགས་ཕུན་སུམ་ཚོགས་པ་ཡོད་པ་བཅས་སོ།།
༧དགོན་གྱི་བླ་རབས་རིམ་པར་བརྒྱུད་ཚུལ་ཞིབ་ཆ་ཞིག་བཤད་དཀའ་ཡང་མཐོང་ཐོས་ཡོད་པ་འགའ་ཞིག་བཀོད་ན། བླ་རབས་ཐོག་མ་ཨ་དཀར་དྲང་སྲོང་དང་། ལྕག་མོ་དྲང་སྲོང་གཉིས་ཡིན། དེ་ནས་སྤྲུལ་སྐུ་སངས་རྒྱས་གླིང་པ་དང་། དམུ་བཙུན་ཚུལ་རྒྱལ་དང་། རྨེའུ་གཡུ་བཀྲ་དང་། མི་ཕམ་མགོན་པོ་སོགས་རྩེ་དྲུག་བླ་རབས་རིམ་བྱོན་རྣམས་དང་། དེ་རྗེས་དབལ་འབར་སྟག་སླག་ཅན་ནས། དྲང་སྲོང་རྣམ་རྒྱལ་ཚུལ་ཁྲིམས། སངས་གླིང་བློ་གྲོས། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས། གཙུག་ཕུད་རིན་པོ་ཆེ། གར་དབང་རྣམ་རྒྱལ་གྲགས་པ། ཕུན་ཚོགས་གྲགས་པ། དྲང་སྲོང་ཚུལ་ཁྲིམས་དགེ་ལེགས་བཅས་ཀྱི་བར་རིམ་པར་བརྒྱུད་ནས་བསྟན་འགྲོ་བསྐྱངས་ཡོད། གཞན་ཡང་དགོན་ནས་ཤར་ངོས་ཀྱི་ཕྱོགས་སུ་སྤྱི་ལེ་༢༠ཙམ་བརྒྱུད་མཚམས་ཟླ་གནས་གླང་ཆེན་འགྱིང་རི་ཞེས་སྤྲུལ་སྐུ་ཚེ་དབང་རིག་འཛིན་གྱིས་སྒྲུབ་བ་མཛད་སའི་གནས་རི་བྱིན་ཅན་ཡོད་པ་དེ་ཉིད་ཚ་བ་རོང་གི་ལྷ་སྡེ་རྣམས་ཀྱིས་མཆོད་བསྐོར་ཀྱི་གནས་སུ་གྱུར་ཡོད་པ། མ་ཚད་དགོན་པ་འདིའི་ཉེ་སྐོར་དུ་དབྱིབས་བླ་བྲང་དང་། དབྱིབས་དགོན་ལྷུན་པོ་རྩེ། གཤེན་ལྷ་དགོན་པ་སོགས་བོན་དགོན་འགའ་དང་། གཤེན་ལྷ་དགོན་པའི་ཉེ་སར་འོད་འབུམ་དུང་གི་མཆོད་རྟེན་ཞེས་གཤེན་ལྷས་བྱིན་གྱིས་བརླབས་པའི་གནས་རི་དང་། བྰེེ་རོ་ཙྭ་ན་ཚ་བ་རོང་དུ་ཕེབས་པའི་སྐབས་སུ་སྒྲུབ་བ་མཛད་སའི་སྒྲུབ་ཕུག་དང་། གཞན་ཡང་དགོན་གྱི་ལྷ་སྡེ་དགུ་པ་གྲོང་ཚོའི་ནང་དུ་དགུ་སྒོང་ཁ་སོང་ལ་དམུ་བཙུན་ཚུལ་རྒྱལ་འཁྲུངས་པ་དང་། དགུ་རྟ་སྒ་སྒོམ་པ་སོང་ལ་སངས་གླིང་མི་ཕམ་མགོན་པོ་འཁྲུངས་པ་དང་། དགུ་ལྷ་མེ་འབར་ཚང་གི་ལྡིང་དཔོན་གཙོ་བོའི་རྒན་ཡེ་ཤེས་དང་། གཡུང་དྲུང་བསྟན་རྒྱལ། པད་མ་འཕྲིན་ལས་སོགས་རྔུལ་ཆུ་སྨད་རྒྱུད་ཡོངས་ཀྱི་ལྡིང་དཔོན་མི་རབ་མང་པོ་བྱུང་མྱོང་བར་མ་ཟད་དེ་རྣམས་ཀྱི་ཕ་གཞིས་ཆགས་ས་ཡང་ཡོད། ཡུལ་དེའི་འཚོ་བ་གཙོ་བོ་ཞིང་ལས་དང་ཤིང་ཐོག་ཚོང་ལས་བཅས་ལ་བརྟེན་གྱི་ཡོད། རིག་གནས་གསར་བརྗེའི་སྐབས་ཁྱོན་ཡོངས་ནས་དགོན་པ་འཐོར་ཞིག་སོང་བ་གཅིག་མཚུངས་རེད། ༧དེ་རྗེས་སྤྱི་ལོ་༡༩༨༥ལོར་སྲིད་གཞུང་ནས་དགོན་པ་བཞེངས་རྒྱུའི་ཆོག་མཆན་ཐོབ་པ་ལ་བརྟེན་རྩེ་བླ་གར་དབང་རྣམ་རྒྱལ་གྲགས་པས་མཛུབ་སྟོན་གནང་བ་ལྟར་བླ་མ་དབང་གྲགས་རྒྱལ་མཚན་མཆོག་གིས་༡༩༨༨ལོར་དགོན་པ་ཉམས་གསོའི་འགོ་ཚུགས་ཏེ་འདུ་ཁང་དང་། ཇ་ཁང་བཅས་བཞེངས་ཤིང་སྔར་སྲོལ་ལྟར་གྱི་འདུ་འཚོགས་སོགས་ལེགས་གྲུབ་བྱུང་ཡོད། ༧ད་སྐབས་རྩེ་དྲུག་དགོན་ནས་ཐོན་པའི་དགེ་བཤེས་འབྲུག་གསས་རྒྱལ་མཚན་ལྷ་སྡེ་མང་ཚོགས་རྣམས་ཀྱིས་རེ་ཞུས་ལ་བརྟེན་རྩེ་བླ་༧མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེས་རྟ་འཚེར་དགོན་གྱི་བླ་མ་མཛད་དགོས་གསུང་པའི་བཀའ་མངག་ལྟར། རྒྱལ་གཅེས་ཆོས་གཅེས་ཀྱི་ལང་ཕྱོགས་བརྟན་པོས་དགོན་དེར་སངས་རྒྱས་ཀྱི་བསྟན་པའི་སྲོལ་རྒྱུན་སྐྱོང་བཞིན་བཞུགས་པ་དང་། གཞན་ཡང་དགོན་དེའི་ཉེ་སྐོར་དུ་གྲོང་པ་ཆགས་པ་སོགས་ཀྱིས་སྟབས་མ་བདེ་བས་དད་ལྡན་མང་ཚོགས་ཀྱི་འདོད་བློ་སྐོང་མ་ཐུབ་པ་བཅས་ལ་བརྟེན་ད་སྐབས་དགོན་ས་གནས་སྤོ་བྱེད་རྒྱུའི་གྲྭ་སྒྲིགས་བྱེད་བཞིན་ཡོད། དགོན་པ་དེ་ནི་མཛོ་སྒང་རྫོང་གི་ལྷོ་ཕྱོགས་སུ་རྫོང་ནས་སྤྱི་ལེ་༡༢༠ཙམ་བརྒྱུད་མཚམས་སུ་གནས་པ་བཅས་སོ།།
ལོ་རྒྱུས་རྒྱུ་ཆ་དེ་ཙམ་མ་འཛོམས་ལ།
རྣམ་དཔྱོད་རིག་པའི་མྱོང་བ་མེད་བཅས་ཀྱིས།
མཁྱེན་ལྡན་གཟིགས་སྟེགས་འོས་པ་མ་ཡིན་ཀྱང་།
དད་པས་བསྐུལ་བ་ལྡོག་པ་མིན་ཙམ་བྱས།
ངག་རྒྱུན་དང་འབྲེལ་བའི་ལོ་རྒྱུས་འདི་ཉིད་རྟ་འཚེར་དགོན་གྱི་བླ་གྲྭ་ཡོངས་ཀྱིས་བསྐུལ་བ་ལ་བརྟེན་རྩེ་དྲུག་དཔོན་སློབ་ལུ༷ང་རྟོག༷ས་བསྟ༷ན་པ༷འི་རྒྱ༷ལ་མཚ༷ན་གྱིས་རྒྱལ་ས་པེ་ཅིང་དུ་བྲིས་པ་དགེ།།
- ཟིན་ཐོ་གོང་མ།༡ རྟ་འཚེར་དགོན་གཤེན་བསྟན་མི་འགྱུར་གླིང་གི་ལོ་རྒྱུས།
- ཟིན་ཐོ་འོག་མ།སྙན་ལམ་དུ་གསོལ་དོན།