༧རྟ་འཚེར་དགོན་གཤེན་བསྟན་མི་འགྱུར་གླིང་གི་ལོ་རྒྱུས།
དམུ་རྒྱལ་གཤེན་གྱི་ཐུགས་ཀྱི་ཉིང་བཅུད་ལས།
འཁྲུངས་པའི་དྲི་མེད་གཡུང་དྲུང་བོན་གྱི་བསྟན།
ནུབ་མེད་རྟག་ཏུ་འཆང་བའི་རྒྱུད་འཛིན་ཚོགས།
དད་གསུམ་གུས་པས་སྤྱི་བོའི་རྒྱན་དུ་མཆོད།།
འདི་ན་རྟ་འཚེར་དགོན་པའི་བླ་རབས་འགས།
བསྟན་འགྲོར་སྨན་པའི་མཛད་ཕྲིན་བསྐྱངས་བའི་ཚུལ།
ཡི་གེའི་ལམ་ནས་ངོ་སྤྲོད་བསྡུས་ཙམ་ཞིག།
འབྲི་བ་ལགས་པས་མཁྱེན་ལྡན་བཟོད་པར་གསོལ།།
དེ་ལ་རྟ་འཚེར་དགོན་པའི་ལོ་རྒྱུས་ངག་རྒྱུན་དང་འབྲེལ་བ་འདི་ཉིད་ཡི་གེའི་ལམ་ནས་བསྡུས་ཙམ་ཞིག་ཞུས་ན། སྤྱིར་གངས་ཅན་བོད་ཀྱི་ཡུལ་འདིར་སྟོད་ན་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་གམ་རོང་བཞི་ཤོད་བརྒྱད་སོགས་ཡོད་པའི་ནང་ནས་དགོན་སྡེ་འདིའི་ཆགས་ས་ནི། རོང་བཞི་སྟེ། ༡ཤར་རྒྱ་མོ་རོང་། ༢བྱང་ཨ་ཏ་རོང་། ༣ནུབ་ཀོང་པོ་རོང་། ༤ལྷོ་ཚ་བ་རོང་བཞི་ཡི་ནང་གསེས་ལྷོ་ཚ་བ་རོང་ཡིན། གཞན་ཡང་ས་ཆ་འདིའི་ཉེ་སྐོར་ལ་གྲགས་ཅན་གྱི་གནས་རི་ཁ་བ་དཀར་པོ་སོགས་ཡོད་པ་མ་ཚད། སྐྱེས་ཆེན་དམ་པ་འགྲོ་མགོན་ཚེ་དབང་རིག་འཛིན། སློབ་དཔོན་བྰེེ་རོ་ཙ་ན། སྤྲུལ་སྐུ་སངས་རྒྱས་གླིང་པ། དབལ་འབར་སྟག་སླག་ཅན་སོགས་ཀྱིས་བྱིན་གྱིས་བརླབས་པའི་ས་གནས་བྱིན་ཆེན་མང་པོ་ཡོད་པའི་རྟེན་འབྲེལ་ལེགས་པའི་ས་གནས་ཡིན་པ་ཡུལ་མི་རྣམས་ཀྱིས་ཡོངས་གྲགས་སུ་ཤོད་ཀྱི་ཡོད། དེ་ལ་དགོན་པ་ཕྱག་བཏབ་ཚུལ་ནི། མདོ་སྨད་ཕྱོགས་ནས་ཕེབས་པའི་ཨ་དཀར་དྲང་སྲོང་དང་། ཁམས་སྟོད་ཕྱོགས་ནས་ཕེབས་པའི་ལྕག་མོ་དྲང་སྲོང་ཞུ་བའི་དྲང་སྲོང་འདུལ་བ་འཛིན་པའི་སྐྱེས་ཆེན་དམ་པ་གཉིས་རོང་ཆེན་ཁ་བ་དཀར་པོར་གནས་མཇལ་ཕེབས་པའི་ལམ་དུ་སྔོན་ནས་ལས་འཕྲོ་ཡོད་པའི་དུས་དང་སྐབས་ལ་འཕྲད་པ་དང་། ལྷག་པར་དམ་པ་གཉིས་ནས་གནས་བསྐོར་གཅིག་པུའི་ཆེད་དུ་མ་ཡིན་པར་ས་གནས་བྱིན་ཅན་རྣམས་ལ་དགོན་པ་བཞེངས་རྒྱུ་སོགས་ཀྱི་ཐུགས་སེམས་ལྡན་པས་ཁོང་རྣམ་གཉིས་ལྷོ་ཚ་བ་རོང་སེང་མགོ་ཞེས་པའི་ས་ཆ་དེར་འབྱོར་བ་དང་། ཁོང་གཉིས་ལ་སྔར་གྱི་ལས་འཕྲོ་སད་པ་དང་། དགུ་སེང་མགོའི་ལྷ་སྡེ་ཡུལ་མི་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་དམ་པ་གཉིས་ནས་དགོན་ས་དེར་བརྟག་རྒྱུ་རྟེན་འབྲེལ་བཟང་པོའི་མཚན་མ་ཤར་ནས་ཡུལ་དེར་དགོན་པ་བཞེངས་རྒྱུ་ཐུགས་ཐག་བཅད་དེ། དེང་གྱང་རལ་ཞེས་པའི་ས་ཆ་སོགས་ལ་གཟིགས་སྐོར་གནང་བཞིན་པའི་ཁ་ཐུག་ལ་ཁོང་རྣམ་གཉིས་ཀྱི་ཆིབས་རྟ་རིག་པ་ཅན་ཞིག་ཡོད་པ་དེ་ད་ལྟ་དགོན་པ་ཡོད་སའི་ས་དེར་འཚེར་བཞིན་ལག་པ་ས་ལ་བརྡབ་བཞིན་འདུག་པས་དམ་པ་གཉིས་ནས་རྟེན་འབྲེལ་བཟང་པོར་བཏགས་ནས་དགོན་ས་དེར་བཟུང་བ་ཡིན་པ་མ་ཚད་་དེང་རྟ་འཚེར་དགོན་ཟེར་དོན་ཡང་དེ་ཡིན། དེ་ཡང་ས་ཆ་དེའི་གཟུགས་དབྱིབས་སེང་གེ་འདྲ་བ་ཡོད་པའི་སྒལ་སྟེང་དུ་ཁེལ་ཡོད། རི་དེའི་ནུབ་ཏུ་་ཁྱུང་སེར་རི་ཞེས་པ་དང་། བྱང་དུ་ཁྱུང་དམར་རི་སོགས་གྲགས་ཅན་གྱི་རི་ཡོད་པ་མ་ཟད་དགོན་ནས་ལྷོ་ཤར་ལ་སྤྱི་ལེ་༨༠ཙམ་རྒྱུད་མཚམས་གནས་ཆེན་ཁ་བ་དཀར་པོ་ཐུག་གི་ཡོད། གཞན་ཡང་ས་ཆ་དེར་ཆུ་མིག་དང་ནགས་ཚལ་མང་པོ་ཡོད་ཀྱང་ཁོང་གཉིས་ཀྱི་རྫུ་འཕྲུལ་ལ་བསྟེན་ནས་དེ་རྣམས་རང་སྐམ་དུ་གྱུར། དུས་དེར་ས་བདག་ཀླུ་གཉན་རྣམས་འཁྲོས་ནས་ཨ་དཀར་དྲང་སྲོང་ལ་ཀླུ་ནད་བསྙུང་ཡང་། ཁོང་རྣམ་པ་གཉིས་ནས་ཡི་དམ་དབལ་ཁྱུང་བསྒྲུབ་པས་སྙུངས་ནད་དྭངས་བ་མ་ཟད། ཡི་དམ་དབལ་ཁྱུང་སྐུ་དངོས་སུ་བཞེངས་ཏེ་ཁྱུང་གཤོག་ཁྱུང་སེར་རི་དང་ཁྱུང་དམར་རི་གཉིས་ལ་བརྐྱང་ནས་ཁྱུང་སྐད་ལྷང་ལྷང་འཚེར་བ། དེར་ཡོད་དད་ལྡན་འགྲོ་བ་ཐུན་མོང་གི་དངོས་སུ་མཇལ་བ་དང་ཐོས་པ་སོགས་ཀྱི་གྲུབ་རྟགས་མཚན་མ་ཤར་བའི་རྟེན་འབྲེལ་བཟང་པོ་ལ་བསྟེན་རྟ་འཚེར་ཁྱུང་འཚེར་དགོན་ཞེས་པའི་མཚན་ཡང་གསོལ་ཞེས་དེང་རྒན་རབས་ཀྱི་ངག་རྒྱུན་ལས་བཤད་སྲོལ་ཡོད།
- ཟིན་ཐོ་གོང་མ།དཔལ་ལྡན་བླ་མའི་རྣམ་ཐར་རྒྱ་མཚོའི་ཟེགས་མ།
- ཟིན་ཐོ་འོག་མ།༢རྟ་འཚེར་དགོན་གཤེན་བསྟན་མི་འགྱུར་གླིང་གི་ལོ་རྒྱུས།