༧དཔལ་ལྡན་བླ་མའི་རྣམ་ཐར་རྒྱ་མཚོའི་ཟེགས་མ་ཞེས་བྱ་བ་བཞུགས་སོ།
དཔལ་༧རྩེ་དྲུག་དགོན་ནས་སྤེལ་བའི་ལོ་དེབ་(ཞང་བོད་མེས་པོའི་འོད་ཟེར)ལས་དྲངས།
ངུ་འབྲང་དགེ་བཤེས་དྲང་སྲོང་སྨོན་ལམ།
ཉག་གཅིག་མངའ་བདག་བདེ་བར་གཤེགས། བདེན་གཉིས་དོ་མཉམ་གཡུང་དྲུང་བོན། ཚད་གསུམ་དབང་ཕྱུག་སེམས་དཔའ་བཅས། གུས་པས་བསྟོད་དོ་དགེ་ལེགས་སྩོལ།། རྟོགས་པ་མངོན་གྱུར་རྒྱལ་བའི་བཀའ། བཀའ་དྲིན་བསམ་མཐའ་ཡས་པའི་དཔལ། དཔལ་ལྡན་དྲིན་ཆེན་བླ་མ་ཆེ། ཆེ་བའི་ཡོན་ཏན་བརྗོད་ལས་འདས།། འོན་ཀྱང་དད་པས་ཡོན་ཏན་གྱི། ཆ་ཙམ་གླེང་བའི་བསོད་ནམས་ནི། དཔག་ཏུ་མེད་པའི་ཚུལ་བསམ་སྟེ། ཀུན་སློང་རྣམ་པར་དག་པས་བྲི།། རབ་བྱུང་བཅུ་དྲུག་ལྕགས་ལུག་ལོར། མདོ་སྟོད་རྔུལ་རྫ་ཟལ་སྒང་རྒྱུད། མི་དབང་སེ་ཆེན་མངའ་འབངས་ཀྱི། ཡེ་སྟོད་རང་ཆེན་གསེར་འཕྲུ་མར། བསྟན་དང་འགྲོ་བའི་སྤྱི་དཔལ་དུ། མཚན་དཔེའི་ལྗང་སྨྱུག་གསར་དུ་འབུས། དེ་ནས་དགུང་གྲངས་བདུན་བར་དུ། བྱིས་པའི་རོལ་རྩེད་ངང་དུ་འཚོ། དགུང་ལོ་བདུན་དུ་ཕེབས་པའི་སྐབས། ཤེས་རིག་གཞི་མ་ཡི་གེ་བསླབས། སྔོན་སྦྱངས་ལས་རྐྱེན་བཟང་པོ་ཡིས། རིང་པོར་མ་ཐོགས་འཕྲལ་དུ་དགོངས། ནང་མིའི་དམིགས་ཡུལ་ཅི་བཞིན་དུ། ཕྱུགས་ལུག་བཙའ་རྫི་ཁོ་ན་མཛད། བཅུ་གསུམ་ལོ་རུ་ཕྱིན་པའི་སྐབས། སྔོན་གོམས་བག་ཆགས་མཐུ་བརྟས་ཏེ། ངེས་འབྱུང་སྐྱོ་ཤེས་ཀྱིས་བསྐུལ་བས། ཁྱིམ་ཐབ་བརྩོན་རར་ངོ་ཤེས་ཏེ། གཡོ་ཐབས་ཁྱིམ་ནས་བྲོས་པར་མཛད། ལུང་དཀར་གཤེན་བསྟན་རིན་གླིང་གི དབུ་བླ་རྒྱལ་བ་ཚུལ་ཁྲིམས་དྲུང་། རབ་བྱུང་གཙང་གཙུག་ཉེར་ལྔ་བཞེས། ཚུལ་མཚན་དྲང་སྲོང་གཡུང་དྲུང་གསོལ། འདུལ་ཁྲིམས་མིག་འབྲས་ལྟར་དུ་སྲུངས། རྩ་བླ་གོང་མ་དེ་ཉིད་ལས། ཨ་ཁྲིད་སྔོན་འགྲོའི་གདམ་པ་དང་། ཟབ་མོ་སྐུ་གསུམ་གཅིག་དྲིལ་གྱི། ཁྲིད་གདམས་ཞུས་ཏེ་བསགས་སྦྱངས་མཛད། ཐུན་མིན་དངོས་གཞིའི་གདམ་ཁྲིད་སོགས། བུམ་པ་གང་བྱོའི་ཚུལ་དུ་བསན། རང་དགོན་སྒྲིག་སྲོལ་ཅི་བཞིན་དུ། ལས་ཐོག་འབུད་པའི་འགན་བཞེས་མཛད། བར་སྐབས་དུས་ཚོད་གཙིགས་ཆེར་བཟུངས། རིག་གནས་ཡིག་གཟུགས་བྱང་ཆུབ་པའི། དགེ་རྒན་བློ་གྲོས་རྣམ་དག་ནས། བོད་ཀྱི་ཡིག་གཟུགས་སྣ་ཚོགས་པར། སོར་མོའི་རྩལ་གྱིས་བྱང་གོམས་དང་། ཡི་དམ་ཕྱི་ནང་གསང་གསུམ་གྱི། གྱེར་དབྱངས་འབུད་བརྡུངས་དཀྲོལ་གསུམ་སོགས། གཞན་འདྲིང་མི་འཇོག་ལེགས་པར་བསླབས། བགྲང་བྱ་བཅུ་བཞིར་ཕེབས་པའི་ཚེ། རང་དགོན་སྒྲུབ་གྲྭའི་ཁོངས་སུ་ཞུགས། རྒྱལ་ཚབ་བློ་གྲོས་རྒྱལ་མཚོ་དང་། ནག་རུ་མཁན་པོའི་མདུན་དྲུང་ནས། ཀུན་མཁྱེན་འཇའ་ལུས་ཤར་རྫ་པའི། མཛོད་ཆེན་སྡེ་ལྔ་ལེགས་པར་བསན། དགུང་ལོ་བཅོ་བརྒྱད་ཕེབས་པའི་སྐབས། སྒྲུབ་གྲྭའི་སློབ་གཉེར་མཐར་ཐོན་གྱུར། དེ་ནས་ཕ་ཡུལ་རྒྱབ་སྐྱུར་ཏེ། བྱིན་ལྡན་གནས་རི་སྐོར་བ་དང་། སྟོད་སྨད་བར་གྱི་དགོན་པ་ཀུན། མཇལ་ཞོར་མཁས་གྲུབ་སྐྱེས་ཆེན་གྱི། ཞལ་སྔར་འགྲིམ་སྟེ་ཁྲིད་ལུང་ཞུས། ཁྱད་པར་བོན་གྱི་གདན་ས་ཆེ། གྲྭ་ས་གོང་འོག་བར་གསུམ་དང་། གདན་ས་ཁྱུང་ལུང་དངུལ་མཁར་ལ། ཡུན་རིང་བཞུགས་ཏེ་ཐོས་བསམ་སོགས། དགེ་སྦྱོར་དལ་འགྲོའི་རྒྱུན་བཞིན་བརྩོན། ང་དགུའི་དུས་ཟིང་རྐྱེན་དབང་གིས། བལ་ཡུལ་དོལ་པོ་ནས་བརྒྱུད་དེ། རྒྱ་གར་ཧི་མ་ཅལ་དུ་ཕེབས། སྤྱི་ལོ་དྲུག་ཅུ་རེ་དྲུག་བར། རི་དྭགས་རྨས་མ་ཅི་བཞིན་དུ། དབེན་སར་དགེ་སྦྱོར་འཕེལ་བའི་གནས། འཚོ་བ་བྱ་ཚུལ་ལ་བརྟེན་ནས། མཚན་བཅས་མཚན་མེད་དགེ་སྦྱོར་འབད། དེ་ནས་མཁན་སློབ་རྣམ་གཉིས་ཀྱི། བཀའ་ལུང་ཅི་བཞིན་ཡིག་ཆ་ཁག འཚོལ་བསྡུ་པར་རྩ་འབྲི་བཞེངས་མཛད། སྨན་སློབ་སངས་རྒྱས་བསྟན་འཛིན་དྲུང་། མཁན་སློབ་དཔང་པོ་བཞི་ལྡན་ཐོག བསྙེན་པར་རྫོགས་ཤིང་ཚུལ་མཚན་དུ། དྲང་སྲོང་ཚུལ་ཁྲིམས་རྣམ་དག་གསོལ། རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་དང་། དྲངས་ངེས་གཉིས་ཀྱི་ཁྲིད་གདམ་ཞུས། ས་རྟ་གཅིག་དགུ་དོན་བརྒྱད་ལོར། སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་། ཐོབ་རྒྱལ་གསར་པ་སྨན་རི་རུ། བཤད་སྒྲུབ་གསར་བཙུགས་མཛད་པའི་སྐབས། དགུང་གྲངས་བཞི་བཅུ་ཞེ་བདུན་དུ། ཕེབས་ཀྱང་ཐོས་བསམ་ངོམ་མེད་དང་། ཕྱི་རབས་རྗེས་འབྲིང་དཔེར་སྟོན་ཆེད། མཚན་ཉིད་བཤད་གྲྭའི་ནང་ཞུགས་ཏེ། ཡོངས་འཛིན་བསྟན་འཛིན་རྣམ་དག་ནས། བློ་རྟགས་བསྡུས་གསུམ་དབུ་ཕར་དང་། ས་ལམ་འདུལ་མཛོད་སྔགས་སེམས་བཅས། རྩོད་པའི་ལམ་ནས་སྒྲོ་འདོགས་བཅད། ཞོར་དུ་གཤེན་མཁས་བརྡ་སྤྲོད་དང་། སྡེབ་སྦྱོར་རིན་འབྱུང་རྩིས་དཀར་ནག གསོ་རིག་དཀྱིལ་འཁོར་ཐིག་རྩ་སོགས། ཚད་ལྡན་སྦྱངས་པ་ཕུག་ཕེར་མཛད། དགུང་ལོ་ལྔ་བཅུ་རྩ་ལྔའི་ཐོག གདན་ས་ཐོབ་གསར་སྨན་གླིང་དུ། བསླབ་གསུམ་འདུས་སྡེ་བརྒྱ་ཕྲག་དབུས། བཀའ་ཆེན་དམ་བཅའ་ཆེན་མོར་བཞུགས། རབ་འབྱམས་དགེ་བའི་བཤེས་གཉེན་གྱི། མཚན་རྟགས་ཅོད་པན་ལེགས་པར་བཞེས། སེམས་དཔའ་འདུས་སྡེ་རྒྱ་མཚོ་ཡིས། བསྔགས་བརྗོད་མེ་ཏོག་སིལ་མ་འཐོར། དེ་ནས་བོད་ཡུལ་གངས་ཀྱི་ལྗོངས། བོན་བསྟན་མེ་རོ་བསླང་ཆེད་དུ། འཁྲུངས་གཞིས་གངས་ཅན་ཕྱོགས་སུ་ཕེབས། རང་དགོན་གཤེན་བསྟན་རིན་གླིང་དང་། ཁྱུང་པོ་རི་བོ་རྩེ་དྲུག་ཏུ། བཤད་སྒྲུབ་མཚན་ཉིད་དབུ་བཙུགས་མཛད། མཁས་པའི་བྱ་བ་རྣམ་གསུམ་གྱིས། བོན་འཁོར་སྐོར་ཞིང་འདུས་སྡེ་བསྐྱངས། ཧོར་ཁྱུང་གཉིས་ཀྱི་བུ་སློབ་ཀུན། རྒྱལ་དང་དེ་སྲས་བཀའ་ལུང་ལ། ཐོས་བསམ་སྒོམ་གསུམ་གཅེས་འཛིན་དང་། འཆད་རྩོད་རྩོམ་གསུམ་བྱ་རྒྱུ་སོགས། རྣམ་དཀར་བག་ཆགས་བཟང་པོ་ཞིག ཀུན་གཞིའི་དཀྱིལ་དུ་བགོས་པར་མཛད། ཁྱད་པར་མཆོག་གི་དངོས་སློབ་ཏུ། དགེ་བའི་བཤེས་གཉེན་བཅུ་ཕྲག་གྲངས། ཕྱི་ནང་ཡུལ་གྲུ་མང་དག་ཏུ། བསྟན་པ་འཛིན་སྐྱོང་བྱེད་བཞིན་འཆིས། མཆོག་ཉིད་སྐུ་ཚེ་ཧྲིལ་པོ་རུ། འདོད་ཆུང་ཆོག་ཤེས་མཛད་པའི་ངང་། རང་དོན་ཐོས་གསུམ་སྒོམ་གསུམ་དང་། གཞན་དོན་འཆད་རྩོད་རྩོམ་གསུམ་གྱིས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་སོགས། མཛད་ཕྲིན་གཟུགས་སུ་འཆིས་པ་ན། དོག་མོ་འདི་ཡིས་མི་ཐེག་ཅིང་། རྒྱ་ཆེ་ནམ་མཁའ་སྣོད་དུ་ཆུང་། འོན་ཀྱང་སེམས་ཅན་ལས་དམན་པས། དགུང་གྲངས་དྲུག་ཅུ་རེ་བརྒྱད་ཐོག རྟག་འཛིན་ཅན་རྣམས་སུན་དབྱུང་ཕྱིར། དགོངས་པ་བོན་དབྱིངས་བསྡུས་ཚུལ་བསྟན། རང་སྐྱ་མི་ཕེར་རང་ཅག་འགའ། དྭ་ཕྲུག་མས་བོར་ཅི་བཞིན་དུ། སྙིང་ཁོང་སྡུག་གིས་རབ་ཁེངས་ཏེ། རྗེས་ཤུལ་འཇིག་རྟེན་ཁམས་སུ་ལུས།། གྲགས་འདོད་སྒྲོ་བསྐུར་ཀུན་སློང་གཏན་སྤངས་ཏེ། དྲང་བརྗོད་ཚིག་གི་འཕྲེང་བ་བརྗོད་ཁུལ་བྱས། འོན་ཀྱང་རྨོངས་པའི་དབང་གིས་འགལ་འཁྲུལ་དང་། ནོར་བ་མཆིས་ཚེ་ཡུལ་མཆོག་བཞི་ལ་མཐོལ།། འདི་བྲིས་རྣམ་དཀར་ཆུ་གཏེར་ཆེན་པོའི་བཅུད། བསོད་ནམས་ཉི་གཞོན་གདུལ་བྱའི་ནམ་མཁའ་རུ། འཕགས་ཏེ་སྡུག་བསྔལ་མུན་པ་རབ་བསལ་ཞིང་། ཕན་བདེའི་འོད་ཟེར་རྒྱས་པའི་རྒྱུ་རུ་བསྔོ།། དེར་བརྟེན་རྒྱུ་མཐུན་གདུལ་བྱའི་ཀུན་གཞི་རུ། བསོད་ནམས་ལས་ཀྱི་བག་ཆགས་རབ་བགོས་ཏེ། ཐར་དང་ཐམས་ཅད་མཁྱེན་པའི་དགེ་རྩ་ཆེ། རྒྱས་འགྱུར་རིགས་མཆོག་རྒྱུད་ལ་འཁྲུངས་པར་སྨོན།། ཞེས་དཔལ་ལྡན་བླ་མའི་རྣམ་ཐར་རྒྱ་མཚོའི་ཟེག་མ་འདི་ནི་དགེ་བཤེས་གཤེན་བསྟན་ལྷུན་འགྲུབ་ཀྱིས་མཆོག་གི་མཛད་རྣམ་ཟིན་ཐོ་བཀོད་པར་གཞིར་བཟུང་སྟེ་གོང་གི་སློབ་འབང་ཡོངས་ཀྱི་ཐ་ཤལ་པ་དྲང་སྲོང་སྨོན་ལམ་གྱིས་སྒོ་གསུམ་གུས་པའི་སྒོ་ནས་སྦྱར་བའོ།། དགེའོ། བཀྲ་ཤིས། ཐ་ཚན་མུ་ཙུག་སྨར་རོ།།
- ཟིན་ཐོ་གོང་མ།༄༅།།ལྗང་ཤོད་བོན་དགོན་གསས་གདོང་གཡུང་དྲུང་གླིང་གི་བྱུང་བ།
- ཟིན་ཐོ་འོག་མ།༡ རྟ་འཚེར་དགོན་གཤེན་བསྟན་མི་འགྱུར་གླིང་གི་ལོ་རྒྱུས།