༄༅།།ལྗང་ཤོད་བོན་དགོན་གསས་གདོང་གཡུང་དྲུང་གླིང་གི་བྱུང་བ་
རོབ་ཙམ་བཀོད་པ་ཁྲི་ལོའི་སིལ་སྒྲ།།
དབལ་སོ་གངས་ཀྱི་ར་བའི་ཕྲེང་བ་ཚར་དུ་དངར་ཞིང་།དུས་བཞིའི་རང་མདངས་མངོན་པར་གསལ་བའི་མཐོ་སྒང་གཙང་རིགས་ལྷའི་རྒྱུད་དབུ་ནག་བོད་ཀྱི་ཡུལ་ཁམས་སུ། ཆུ་བཞི་སྒང་དྲུག་ཕྱེས་པའི་རྔུལ་ཟླ་གཉིས་ཀྱི་བར། མདོ་སྟོད་ཟལ་མོའི་སྒང་རྒྱུད། སུམ་གླང་ཤེལ་བྲག་གླིང་གི་ལྷོ་ཤར། བོད་ཁམས་སྦས་པའི་རོང་ཆེན་བཞི་<རྒྱལ་རོང་། ཉག་རོང་། ཚ་རོང་། ཀོང་རོང་།>དང་། ཤོད་ཆེན་བཅོ་བརྒྱད་<སུམ་གླང་གྱིམ་ཤོད་ཤེལ་བྲག་དབུས་བྱས་པའི་ཤར་ཕྱོགས་དྲེ་ཤོད་སོགས་ཤོད་ཆེན་ལྔ། བྱང་ཕྱོགས་ལྕེ་ཤོད་སོགས་ཤོད་ཆེན་གསུམ། ནུབ་ཕྱོགས་སྤྱི་ཤོད་སོགས་ཤོད་ཆེན་ལྔ། ལྷོ་ཕྱོགས་འབུམ་ཤོད་སོགས་ཤོད་ཆེན་ལྔ།>གྲགས་པའི་ཡ་གྱལ། ཇི་སྐད་དུ་གཏེར་ལུང་ལས། གཡོན་དུ་རྒྱང་<ལྗང་>ཤོད་བྱ་བ་ནི། རི་རྐྱང་བུ་འཕྲེད་ལ་རྒྱུག་པ་འདྲ། ཞེས་གསལ་བའི་ལྗང་ཤོད་ཕུ་ན། སྟོད་གོར་མའི་རྫ་རི་དང་། བར་གཡུ་ཤུག་འདྲེས་མའི་སྤང་ལྗོངས། སྨད་གསོམ་ཤིང་གཡུ་ལོའི་ནགས་ཚལ་སོགས་ཡིད་འོང་གི་མཛེས་ལྗོངས་དང་། ད་དུང་སྟག་མ། གླང་མ། སྤེན་ནེ། འཕང་མ། དབྱར་པ། ཚར་འབྲུམ་དཀར་པོ། ཚར་ལེབ། མཛོ་ཤིང་། ཉག་བྲེག འོམ་བུ། གྲོ་ག ལྕང་མ། སྐྱེར་པ། ག་བྲ། ད་ལི་དཀར་པོ་འམ་སུ་དཀར་བཅས་ཀྱི་ཚལ་དུ། ལྷ་བྱ་གོང་མོ་དང་། ཁུ་བྱུག ལྕོ་ག འཇོལ་མོ། ནེ་ལེ། འོལ་བ། ཟེ་རེ། ཁུ་ལིང་། བྱ་དཀར། གླག ཁྲ ཕོ་རོག ཁ་ཏྭ། སྐྱུང་ཀ བྱ་རྒོད། སྐྱ་ག ཕུག་རོན། ཕ་ཝང་སྒང་ཁྱེར། གླང་བྱི། ཁུག་རྟ། པུ་ཤུད། ཤིང་རྟ། མཆིལ་པ། འུག་པ། སྲིན་བྱ། སྲེག་པ། ཨ་རྟ་དཀར་ཡུ། དོང་ཧྲི་དཀར་མོ། ཐོ་ལེ་སྐེ་དམར། རྡོ་གཞག་ཁྲ་མོ། གསེར་བྱི་སེར་པོ། དངུལ་བྱི་དཀར་པོ། ནག་སག་ཐལ་མགོ ཆུ་བྱ་སོགས་མཁའ་ལྡིང་བྱ་རིགས་ཀྱི་སྡེ་དང་། ཤ་བ། དགོ་བ། གླ་བ། གནའ་བ། རྒྱ་གོར་ར། རི་བོང་། གཡག འབྲི་། རྟ། དྲེལ། མཛོ། མཛོ་མོ། བ། གླང་། ལྟོ་ལེ། ར། ལུག་སོགས་བར་འགྲིམ་རི་གཡུང་གི་ཚོགས། སྤྱང་ཁུ། གསའ། གཟིག འཕར་བ། དབྱི། ཝ། གྲུམ་པ། ཁྱི། བྱི་ལ། ཨ་གར། སྲེ་མོང་བཅས་ཤ་གཟན་གཅན་གྱི་སྡེ་རྣམས་རྩེན་ཞིང་འཕུར་ལྡེང་དང་རྒྱུག་འཇོལ་བྱེད་པ། སུར་ཡུང་། རྫ་ཡུང་། ཀྱི་ལྕེ་དཀར་ནག སྲོ་ལོ་དཀར་དམར། དབྱར་རྩྭ་དགུན་འབུ། ཀླུ་བདུད་རྗེ་དཀར་ནག ཁུར་མོང་། གུར་གམ། ག་དུར། མཁན་སྐྱ། གོ་སྙོད། གྲོ་མ། ལྕམ་པ། སྙ་ལོ། མཁའ་འགྲོ་ལ་ཕུག ཆུ་རྩྭ། ཏང་ཀུན་དཀར་ནག སུམ་ཅུ་ཏིག་ཏ། སྟོང་རིལ་ཟིལ་པ། གཡུ་འབྲུག་ཟིལ་པ། རྒྱ་སྟག་ཟིལ་པ། དོམ་ནག་ཟིལ་པ། ཐ་རམ། པྲི་ཡང་ཀུ། སྤང་རྒྱན་དཀར་ནག སྤྱང་ཚེར་གཡུང་རྒོད། བྱ་རྒོད་སུག་པ། བྱི་ཤང་དཀར་མོ། དབྱི་མོང་དཀར་ནག འབྲི་ཏ་ས་འཛིན། མ་ནུ་པ་ཏྲ། འདྲེ་གླང་། མེ་ཏོག་ལུག་མིག མེ་ཏོག་སེར་ཆེན། ཚེར་སྔོན། ཟ་འབྲུམ། གཟའ་དུག་ནག་པོ། རམ་བུ། འཛིམ་ནག རུག་སྒོག རེ་ལྕག་པ། ཤ་མོང་གསེར་ཤ ཤིང་ཤ། ཀླུང་གི་ཤ། གླང་ཤ། ཤང་རིལ་ཤོ་མང་། ལུག་གོ སུག་པ། སྲད་དཀར་སྔོན་དམར་ནག ཨུག་ཆོས། ཨུད་དཔལ་སེར་པོ། ཉུངས་མ། པད་ཁ། གྲོ ནས། སྲན་ཆེ་ཆུང་། ལ་ཕུག་སོགས་འཆི་གསོས་ཀྱི་རྩི་སྨན་ཕྱོགས་ཕྱོགས་སུ་སྐྱེས་ཤིང་། གཡུང་དྲུང་བོན་ལ་དད་ཅིང་གཤེན་ལ་མགོན་པའི་གཙང་རིགས་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་སྟེ། ཤར་དུ་ནགས་ལྗོངས་ནོར་བུ་ལྷ་བཙན་དང་། བྱང་ཤར་དུ་གཉེན་པོ་གཡུ་རྩེ། བྱང་དུ་སེང་གཡུང་དྲུང་སྤང་ལེབ། ལྷོ་རུ་ལྗང་རྒྱལ་སྨུག་པོ་བཅས་ཀྱི་ཕྱོགས་བཞིའི་གནོད་པ་སྲུང་འདྲའི་གུར་དཀྱིལ། མེ་ཏོག་ལྷ་སྐལ་གཡུང་དྲུང་བོན་ལ་འགྱུར་མེད་དད་དམ་གྱི་ཉག་ཐག་ལུ་གུ་རྒྱུད་དུ་འབྲེལ་ཞིང་། བསྟན་འཛིན་སྐྱེས་བུ་ཇི་སྙེད་སྐུ་བལྟམས་པ་དང་ཞབས་ཀྱིས་བཅག་པའི་ས་གནས། མི་དབང་ཁྱུང་ནག་དཔོན་གྱི་མངའ་རིས་སུ་གཏོགས་པའི་ཞིང་འབྲོག་གཉིས་ལྡན་གྱི་ཡུལ་སྡེ་གང་དེར་སྤྱི་ལོ་༡༤༤༡ལོར་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་ཐུགས་ཉམས་སུ་ཤར་བ་བཞིན་གཉེར་དུ་གཏད་དགོས་པའི་ཡི་དམ་དང་། བྱིན་གྱིས་རླབས་པའི་གནས་རི། ས་དབྱིབས་རྣམས་ཐུགས་སྲས་དམ་པ་འབེ་ཚ་གྲགས་པ་རྒྱལ་མཚན་ལ་བཀའ་མངགས་གནང་བར་བརྟེན་ཁོང་གིས། རྒྱབ་རི་སེང་གཡུང་དྲུང་སྤང་ལེབ་ཀྱི་མདུན་གཞོལ། གསས་མཁར་གདོང་ཞེས་པའི་ས་དེར་དགོན་ས་བཙལ་ཞིང་། ས་མིང་དང་འབྲེལ་བར་བོན་དགོན་གསས་གདོང་གཡུང་དྲུང་གླིང་ཞེས་མཚན་གསོལ། རྒྱབ་རི་དེ་ཉིད་དབལ་ཆེན་གེ་ཁོད་ཀྱི་གནས་རི་ངོས་འཛིན་དང་། ཡི་དམ་དབལ་གསས་རྩོད་ཟློག་གི་བཀའ་གཏད་མཛད། འདི་གཏོགས་པའི་ཁོང་གིས་ཕྱག་བཏབས་པའི་དགོན་པ་སྟེ། ཝ་དགོན། ཟླ་གཤིས་དགོན། སྦྲ་ཁོ་དགོན་<བལ་ཐོ་དགོན་དང་བཞི་ལ་ཟེར་སྲོལ་ཡང་འདུག>བཞི་ལ་དགོན་ཁག་བཞི་ཟེར་ཞིང་རྩེ་དྲུག་དགོན་གྱིས་བཙའ་སྐྱོང་གནང་སའི་བུ་དགོན་ཞིག་ཏུ་གྱུར། རིམ་གྱིས་དུས་འགྱུར་བར་ལྔ་སྣ་ལྡིང་དཔོན་ཚང་གི་བླ་དཔོན་གཅིག་ཆོག་པ་གྲགས་དབང་དང་། རྡོ་རྣམ། ཨ་གཅེས་སོགས་ཁོང་རྣམ་པས་གཟིགས་སྐྱོང་མཛད་དེ། གྲགས་དབང་ཞུ་བ་གང་དེས་དགོན་པའི་རྒྱབ་ཕྱོགས་སུ་གནས་སྤོས་མཛད། དུས་འགྱུར་རིག་གསར་གྱིས་བརླགས་པའི་ཚོགས་ཁང་དེར་ཀ་བ་བཅུ་དྲུག་ལས་གྲུབ་པ་ཞིག་ཡོད་ལ། ནང་རྟེན་དུ་སྨན་འདམ་ལས་སྟོན་པ་ཡབ་སྲས་གསུམ་དང་། སྟག་ལ། གཡུང་དྲུང་མཐོང་གྲོལ། གདན་ས་བ་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་སོགས་ཀྱི་སྐུ་བརྙན་དང་། ཤིང་ལས་ལྔ་སྣ་བླ་མ་གྲགས་དབང་གི་གདུང་རྟེན་གཡུང་དྲུང་བཀོད་ལེགས། ལོ་པན་ཤེལ་གྱི་མཆོད་རྟེན་དབུ་གསུམ་པ་བཅས་དང་། གསུང་རབ་ཇི་སྙེད་ཅིག་བཞུགས་ཡོད་པའི་ནང་། ཁྱད་དུ་འཕགས་ཀྱི་ཁམས་ཆེན་གཉིས་ཡོད་ཅིང་། གཅིག་ཁྲ་རྒན་དགོན་ནས་རང་དགོན་དུ་དྲངས་པ་ཡིན། གདན་དྲངས་པའི་ལམ་བར་མེ་ཏོག་གྲོང་དུ་འབྱོར་བ་དང་། མཁའ་ནས་མེ་ཏོག་གི་ཆར་བབས་པ་སོགས་ལྟས་བཟང་དུ་མ་ཤར་བ་བཤད་ལ། དབྱར་ཁར་ཆར་འབོད་དགོས་ཚེ་རྫོང་འགོ་ཁ་ཟེར་ས་དེར་སྒར་བཏབས་ཏེ་ཁམས་ཆེན་དེ་ཉིད་དག་ཚར་རེ་བཀླགས་པ་དང་ཆར་མི་ལོན་པ་མི་སྲིད་པ་དང་། ཆར་འགོག་སྐབས་དགོན་པའི་སྟེང་ཐོག་ཏུ་ཞལ་འཕྱེ་ཙམ་གྱིས་གནམ་དངས་པར་བཤད་ཀྱི་ཡོད། དགོན་ཁང་དེར་ཚོགས་བཞུགས་སེར་ཁྱིམ་པ་བཅུ་དྲུག་ཡོད་ཅིང་། ཁམས་ཆེན་ཀློག་སྐབས་དུམ་པ་དང་མི་གྲངས་མཚུངས་པས། ངག་རྒྱུན་དུ་ཚོགས་ཁང་ཀ་བ་བཅུ་དྲུག ཁམས་ཆེན་དུམ་པ་བཅུ་དྲུག བོན་པོ་མི་སྣ་བཅུ་དྲུག་ཅེས་ངོ་མཚར་དང་། མ་སྒྲིག་ལྷུན་གྱིས་འགྲིག་པའི་ཁ་དགེའི་རྟེན་འབྲེལ་ཞིག་ཏུ་བརྩི་སྲོལ་ཡོད་པ་མ་ཟད། རྫོང་མགོ་ཁ་ཟེར་ས་དེ་སྡེ་བ་འདིའི་ཡུལ་ལྷ་གཙོ་བོ་ལྗང་རྒྱལ་སྨུག་པོ་ཞུ་བ་གང་དེའི་མདུན་ལྕོག་ཡིན་པས་དེ་ཡན་མཛེ་ནད་མི་འབྱུང་བ་བཤད་ལ། དོན་དུ་སྔ་རབས་ནས་ད་བར་ནད་དེས་ཟིན་པའི་མི་སྣ་གཅིག་ཀྱང་བྱུང་བ་མཐོང་ཐོས་མེད། སྐབས་དེར་དུས་མཆོད་ཁག་ཕལ་ཆེ་བ་གཤམས་གསལ་ལྟར་དང་། དེ་མིན་དབྱར་དུས་མ་ཏྲི་རིན་ཆེན་སྒྲོན་མའི་སྒྲུབ་བ་ཐེངས་རེ་དང་། དགུན་དུས་མ་རྒྱུད་དང་། དབལ་གསས་རྩོད་པ་ཟློག་པའི་སྲུང་ཟློག་བསད་གསུམ་སོགས་གྲ་རྒྱས་པོའི་ངང་ཟླ་བ་གཅིག་ལྷག་ཙམ་འདུ་འཚོགས་བྱེད་དེ། མ་བདུད་བཙན་རྒྱལ་བཞི་དང་། གཤིན་རྗེ་ལྷ་བརྒྱད་བཅས་ཀྱི་གར་འཆམ་རྔམ་སྟོན་གྱི་མཛད་སྒོ་སྤེལ་གྱི་ཡོད།
རིག་གསར་འདྲེ་རླུང་འཚུབ་མ་ཤར་ནས་གཡོས་སྐབས་ཕྱི་ནང་གི་རྟེན་དང་བརྟེན་པ་རྣམས་སྙིང་མེད་བསླུ་ཁ་ཡང་བའི་མི་ཁྱུར་འཚང་བ་འགས་གཏོར་བརླགས་བཏང་སྟེ། བོན་གྱི་བསོ་སྒྲའི་ཚན་ཁ་འབར་བའི་ཁང་བཟང་དེ་ཉིད་ཕྱུགས་ནོར་གྱི་ལྷས་ར་ཞིག་བསྒྱུར་བ་ཅི་འདྲའི་ངན་སོང་གི་འགྲིམ་སྒོ་དབྱེ་བ་མ་ཡིན་ནམ།
གཅིག་དགུ་བརྒྱད་ཅུའི་ནང་ཕྱོགས་སོ་སོའི་དགོན་སྡེ་ཁག་ཉམས་གསོ་ཆོག་པའི་སྲིད་ཁྲིམས་ལྟར་ལོར་༡༩༨༤ལོར་༧རྩེ་བླ་གཤེན་བསྟན་མཛོད་འཛིན་རིན་ཆེན་རྒྱལ་མཚན་<༡༩༢༤—༡༩༩༣>རིན་པོ་ཆེ་མཆོག་དང་། བླ་རྒན་བཀྲ་ཤིས་རྣམ་རྒྱལ་རྣམ་གཉིས་ཀྱིས་གཟའ་སྐར་བཟང་བའི་དུས་དང་བསྟུན་རྒྱབ་རི་གླང་ཆེན་འདྲ་བའི་སྒལ་གཞུང་དུ་ནོར་བུ་བཀལ་བ་དང་མཚུངས་པར་ས་གནད་ཀྱི་རྟེན་འབྲེལ་དང་། མ་ཟད་སྤྲུལ་སྐུ་བློ་ལྡན་མཆོག་གིས་མཎ་ཌལ་བང་རིམ་གསུམ་གྱི་གདན་སྟེང་དུ་བཅུད་ལྡན་བུམ་པ་བཀོད་འདྲའི་ས་གནད་ཀྱི་རྟེན་འབྲེལ་ཡོད་པར་གསུངས་པའི་ས་འདི་རང་ཡིན་ཡང་ས་གནད་ཅུང་འཆུག་སོང་བའི་ངག་རྒྱུན་ཡོད་པ་བཞིན་དགོན་གནས་རྙིང་པའི་གཡས་ཕྱོགས་སུ་ཅུང་སྤོས་ཏེ་ས་སླང་སོགས་མཁར་གྱི་རྨིང་གཞི་བཏིང་བ་ནས་བཟུང་ཐུགས་ཁུར་དང་རོགས་མགོན་གང་ལེགས་གནང་བ་བརྒྱུད། སྡེ་བ་ཚོའི་ལག་བརྡང་གཅིག་སྒྲིལ་གྱིས་སྔར་བཞིན་ཀ་བ་བཅུ་དྲུག་ཅན་གྱི་དགོན་ཁང་བཞེངས་བཀོད་རིམ་པར་བསྒྲུབས། ནང་རྟེན་དུ་སྐུ་བརྙན་གཙོ་བོ་བླ་རྒན་བཀྲ་ཤིས་རྣམ་རྒྱལ་མཆོག་ནས་བསྟན་སྦྱིན་གནང་བའི་སྟོན་པ་ལོངས་སྐུའི་ཆས་ཅན་ཡབ་སྲས་གསུམ་དང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གིས་བསྟན་སྦྱིན་གནང་བའི་སྐུ་མཆོག་དབལ་གསས་རྔམ་པ། ཀུན་བཟང་རྒྱལ་བ་འདུས་པ། དེ་བཞིན་མངའ་སྡེ་སྒེར་སོ་སོས་བསྟན་སྦྱིན་ཞུས་པའི་ལྷ་མོ། ལྷ་གཤེན། སྲིད་པ། གཤེན་རབ། སྨན་ལྷ། སྟག་ལ། བློ་ལྡན་སོགས་སྨན་འདམ་ལས་བྱས་པའི་སྐུ་བརྙན་མང་རབས་ཞིག་དང་། གོང་རིམ་ནས་གནང་བའི་རྒྱལ་བ་རྒྱ་མཚོ། གཤེན་ལྷ། སྟོན་པ་བཅས་ལི་རག་གི་སྐུ་བརྙན་འགའ་ཡང་བདོག གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་། རྟེན་འགྱུར། དེ་མིན་འདོན་ཆོག་གི་གསུང་པོད་འགའ་བཅས་ཀུན་དགའ་ར་བར་མཆོད་སྡོང་དུ་བཞུགས་སུ་གསོལ་འདུག
དུས་མཆོད་སྐོར་ལ། བོད་ཟླ་གསུམ་པར་སད་སེར་སྲུང་ཕྱིར་གསོལ་ཁ་ཉིན་གཉིས་དང་། ཟླ་ལྔ་པར་རྣམ་རྒྱལ་སྟོང་མཆོད་དང་གྷ་སེང་། ཆོ་ག་བཅུ་གཉིས་བཅས་མཆོད་སྦྱིན་རྒྱས་པར་གྲུབ་མཚམས་བཀའ་འགྱུར་ཉིན་གསུམ་འདོན་དགོས། ཟླ་བཅུ་གཉིས་པའི་ནང་དབལ་གསས་ཚོགས་བརྒྱ་ཟློག་བརྒྱ་གསུང་སྲོལ་འདུག་པ་འདི་སྔར་བཀའ་བབ་བཞིན་དབལ་གསས་རྩོད་ཟློག་འདོན་སྲོལ་ཡོད་ཚོད་འདུག་མོད། ད་ཆར་དབལ་གསས་ལས་རིམ་འདོན་སྲོལ་ཆགས་འདུག ཡིན་ནའང་དུད་ཚང་ཕལ་ཆེ་བའི་སྔར་ནས་ཡི་དམ་དབལ་གསས་བསྟེན་སྲོལ་ཡོད་པར་འགྱུར་བ་བྱུང་མེད། དགོན་པ་འདི་མངའ་སྡེ་སུམ་ཅུ་ཡར་བརྒལ་ཙམ་གྱི་བོན་པོ་སེར་ཁྱིམ་པའི་འདུ་འཚོགས་བྱེད་སའི་སྔགས་དགོན་ཞིག་གམ་སྒྲུབ་སྡེའི་ཆ་ཤས་སུ་གཏོགས་པ་ཞིག་ཡིན་ཞིང་། འགན་འཛིན་གཙོ་བོ་ཀྲུའུ་རིན་རྒན་གཞོན་དང་། དབུ་མཛད། དགེ་སྐོས། གཉེར་པ་བཅས་ཡིན་པ་རེད། ཀྲུའུ་རིན་ཕུད་པའི་མི་སྣ་གཞན་འཆར་ཅན་ལྟར་ལོ་གསུམ་རེ་མཚམས་ལས་དོན་བརྗེ་ལེན་བྱེད་ནའང་། གཉེར་པ་རེའི་ངོ་ཐོག་ཏུ་དགོན་ཕྱི་ནང་གི་རྟེན་དང་བརྟེན་པ་གང་རིགས་དང་། དམིགས་བསལ་ཚོགས་ཁག་ཉམས་གསོ་དང་། གསར་འཛུགས་ཐད་ལས་ངོ་རེ་བསྒྲུབ་དགོས་པས། དེ་ཉིད་མ་འགྲུབ་བར་ལོ་ཟླའི་དུས་མཚམས་ཟིན་རུང་བརྩིས་གཏད་ལེན་ཆོག་གི་མེད་པ་བཅས་སོ། །
ཞེས་པའི་རྩོམ་ཐུང་འདི་རང་དགོན་སྡེའི་ལས་འཛིན་འགས་ཛ་དྲག་གི་རེ་འདོད་བཞིན་ལྗང་ཤེར་བསྟན་དུ་འབོད་པ་དེས༢༠༠༩ཟླ་༡༢ནང་ཆབ་མདོ་མི་དམངས་སྨན་ཁང་གི་ཁམས་གསེང་སྐྱེད་ཚལ་ར་བའི་ནང་བྲིས་པ་དགེའོ། །
ཨ་ཧོ་རྡོ་རྗེ་ཁྱེད་རྣམ་གཉིས་ཀྱིས་ཟིན་བྲིས་ཡག་པོ་བཟོས་འདུག་པས་རྗེས་
སུ་ཡི་རང་ཡོད། དེའི་ནང་ལ་རྩོམ་ཡིག་མང་པོ་འདུག་པའི་ཚང་མ་ངས་
མཐོང་སོང་ལ།
ཁྱེད་ཀྱི་ཡིག་བཀུར་ཁ་བྱང་སོགས་ངས་ཤེས་སོང་།
ང་སར་རྩོམ་ཡིག་ཡོད་པ་དེ་ཚོ་གང་མགྱོགས་བཀུར་ཐབས་བྱེད་ཡོང་།
ད་ནས་བཟུང་ཟིན་བྲིས་འདི་བརྒྱུད་ནས་འབྲེལ་བ་མང་ཙམ་ཡོང་བའི་སྨོན་འདུན་ཞུ།།
སྨན་རིའི་གླིང་ཚེ་རིང་ནས།