ཚོད་སྒྲིག་མེད་པའི་མྱོང་སྣང་།
༧ཀུན་ཏུ་བཟང་པོ་རང་སེམས་དགའ་བ་བདེ་ཆེན་གྱི་དཔལ་ལ་ཕྱག་འཚལ་ལོ། །
ཀུན་ཏུ་རྫོབ་པ་སྣང་བའི་ཞིང་ཁམས་སུ། །
ཀུན་ཏུ་བཟང་པོ་ཕ་རོལ་ཞིང་དུ་ཤར། །
ཀུན་ཏུ་དག་པ་བསམ་དཀར་ལྷད་མེད་ལ། །
ཀུན་ཏུ་འབད་སེམས་འཆང་ཡང་རེ་ཞིག་ལུས། །
གྲོགས་པོ་བྱིས་པ་རྣམས་ལ་ནམ་ཡང་དགའ། །
ང་སེམས་ཁྱོད་ལ་གཏད་པ་རེ་འགའ་མིན། །
ང་སྣང་ཁྱོད་ཀྱིས་བཀྱགས་པ་ག་ལ་ཉུང་། །
ཁྱོད་སྣང་ང་ཡིས་བསླུས་པའི་གྲངས་ཀྱང་མང་། །
བདེན་བདེན་དངོས་གནས་འདྲ་བ་མང་བཤད་ཀྱང་། །
སེམས་སྟོང་བག་ཆགས་ནག་པོས་གང་ཙམ་གྱིས། །
ངོ་སྤགས་འཐུག་པོ་དེ་ཡི་ལོག་ཤིག་ནས། །
གཡོ་ཟོལ་ཁྲ་བོ་དེ་ཡི་གྲིབ་ཙམ་མངོན། །
གློ་ཁུག་དངུལ་གྱིས་གང་བའི་དུས་ཤིག་གམ། །
འགྲོ་འདུག་འཕྲུལ་གྱིས་བསྐྱོད་པའི་སྐབས་ཉིད་དུ། །
མི་ཕྱེད་མགོ་སྐོར་གཏོང་བའི་སྤོབས་སེམས་དེ། །
ཉམ་ཆུང་ང་ཡི་རྒྱུད་ལའང་འབྱོར་ཉེན་ཆེ། །
དེ་རིང་གྲོགས་ལ་ཕན་པའི་གང་བ་དེ། །
སང་ཉིན་ལན་ལ་རེ་བའི་སྟོང་པ་ཞིག །
སེམས་ཉིད་བདེན་པའི་དཀྱིལ་གྱི་གང་སྟོང་དེ། །
ཁ་ཡག་ཚིག་མཛེས་ཙམ་གྱིས་སྙོམས་ནུས་སམ། །
རང་མགོ་རང་གིས་བསྐོར་ཡང་མི་འགྱོད་པའི། །
ཆུང་ཆུང་བྱིས་པའི་འཚོ་བར་རོལ་བཞིན་དུ། །
ང་བདག་མནོག་ཅན་དེ་ཉིད་མ་ཚིམ་པར། །
ཆེད་དོན་སྒྲུབ་པའི་གྲལ་དུ་འཚང་ཁ་བྱས། །
སེམས་ཀྱི་རྒྱལ་མོ་རྒྱ་ཆེ་རྣམ་འཕེལ་མས། །
ཐབས་ཟད་འཚོ་སྡུག་སྟོང་གི་བར་གསེང་ནས། །
བདེན་རྫུན་རིག་པའི་དམག་དཔུང་བསྒྲིཌ་པའི་སྐབས། །
གཡོ་སྒྱུའི་རང་མཚང་ཤོར་བའི་བཟོ་ལྟ་མངོན། །
ཚོད་གར་འཇོག་མེད་ལ་མཚམས་འབྲི་མི་ཤེས་པའི་སྙན་ངག་ཡང་ཟེར། མཚན་མོ་ཞིག་ཏུ་ཐོལ་གྱིས་བྲིས།
- ཟིན་ཐོ་གོང་མ།ང་ཆུང་དུས།
- ཟིན་ཐོ་འོག་མ།ཕྱོགས་བོན་གྱི་མཚན་ཉིད་སྐོར་གྱི་གླེང་བསླང་།