འབྲུ་སུམ་ཅུའི་སྐད་ཡིག་སྦྱོང་སྤྱོད་གྱིས། །
བོད་མེས་པོའི་གཞིས་ས་གངས་ལྗོངས་ལ། །
སྡེ་མི་རིགས་བདེ་སྐྱིད་འཐོབ་འདོད་ན། །
ས་ལག་མཐིལ་ཙམ་ལ་མ་རྩོད་པར། །
ནང་ཕུ་ནུ་མཐུན་སྒྲིལ་གྱིས་ལ་ཤོག །
ཡུལ་མཐོ་བོད་མཛེས་པའི་རྩྭ་ཐང་འདི། །
རང་མི་ནོར་འཚོ་ས་བྱེད་འདོད་ན་། །
སྒོར་དམར་པོ་ཁོ་ནར་མ་སེམས་པར། །
འདིའི་ཁོར་ཡུག་སྲུང་སྐྱོབ་ལེགས་པར་གྱིས། །
ཕ་བཙན་པོའི་མཚན་སྙན་རྒྱལ་རྔའི་འོག །
བུ་ཚ་བོས་རིགས་རྒྱུད་བཟུང་འདོད་ན། །
བོད་ཆོལ་ཁའི་ཕྱོགས་ཞེན་མ་བཟུང་བར། །
འབྲུ་སུམ་ཅུའི་སྐད་ཡིག་སྦྱོང་སྤྱོད་གྱིས། །
སྡེ་ཤོག་ཆེན་ཤོག་ཆུང་གང་ཡིན་རུང་། །
སྐྱབས་ཕ་དགོན་ཁྲ་མོ་བཙའ་འདོད་ན། །
རུས་བཟང་ངན་ཁོ་ན་མ་གླེང་པར། །
སྦྱང་བརྡར་ཤ་བཅད་པའི་དགེ་རྒན་ཚོལ། །
ལོ་ཆེ་ཆུང་ཕོ་མོ་གང་ཡིན་རུང་། །
ཚེ་ཕྱི་མའི་བདེ་ལམ་བསྙེག་འདོད་ན། །
འདྲེན་བྱང་ཆོག་ཁོ་ནར་མ་རེ་བར། །
གསོན་ད་འོང་བོན་ལ་ཉན་འདོད་གྱིས། །
དགོན་རྟེན་བཞེངས་ཆེ་ཆུང་གང་ཡིན་རུང་། །
འོག་དད་ལྡན་ཕོ་མོ་བསྐྱབ་དགོས་ན། །
ཁྲོམ་དབང་ཆེན་བསྐུར་ལ་མ་གཡེང་པར། །
ཞག་ལོ་ཟླ་གང་འགབ་སློབ་གསོ་གནང། །
རྟེན་སྐྱ་སེར་རྒན་གཞོན་གང་ཡིན་རུང་། །
སྨོན་དགོས་པའི་དཔལ་ཡོན་རྒྱས་འདོད་ན། །
མགོ་བདེ་བས་རྒྱལ་ཐབས་མ་བསམ་པར། །
ཤེས་ཡོན་ཏན་ཅན་ལ་བཀའ་ཁྲིད་ཞུས། །
གཞོན་ལང་ཚོ་དར་བའི་སྐྱེས་ཤར་རྣམས། །
ཚེ་གོང་པོར་སྐྱིད་ལ་རོལ་འདོད་ན།།
གྲོང་མོ་འཁྱམ་རྗེས་སུ་མ་རྒྱུག་པར། །
དྲིན་ཕ་མས་ཅི་གསུང་བཀའ་སྒྲུབ་གྱིས། །
ལུས་གཉོམ་ལག་རྒྱས་པའི་སྨན་ཤར་རྣམས། །
གཟུགས་གཙང་མར་ན་ནད་མེད་འདོད་ན། །
ཕོ་ཁྲམ་པའི་ཤོམ་ལ་མ་ཡེངས་པར། །
དྲིན་ཕ་མའི་ཞབས་ཕྱི་གང་འབྱོར་ལྟོས། །
མཁས་ཡོན་ཏན་རྩེར་སོན་རབ་འབྱམས་རྣམས། །
རང་མི་རིགས་ཕན་པ་སྒྲུབ་འདོད་ན། །
རྩོམ་སྒྲོབ་ཉམས་བཏོད་ལ་མ་གཟབ་པར། །
འོག་མི་སེར་གོ་བརྡ་ཅི་འཕྲོད་གྱིས། །
ཁྲོམ་མི་མང་འདུས་པའི་དབང་གྲལ་དུ། །
དོན་ངོ་མའི་བྱིན་རླབས་ཐོབ་འདོད་ན། །
ཁ་བུམ་ཆུ་ཙམ་གྱིས་མ་ཚིམས་པར། །
ཚིག་ངོ་མས་གོ་བརྡ་སྤྲོད་ལ་ཉོན། །
བོན་སྨྱུག་གིས་བསླབ་བྱ་ཞིག་ཏུ་རློམ་ནས་བྲིས།
- ཟིན་ཐོ་གོང་མ།སེམས་ཀྱིས་བྲིས་པའི་སྙན་ངག །
- ཟིན་ཐོ་འོག་མ།དོགས་འདྲི་དཔྱོད་ལྡན་བསུ་བའི་ཕོ་ཉ།
གོང་གི་གྲོགས་པོ་རྣམ་པས་དགོངས་འཆར་གནང་བར་སྙིང་ནས་སྤྲོ་བསུ་ཞུ།