སྲིད་པའི་རླུང་གི་འཁོར་བགྲོད་གཅིག་གི་འོག །
ཁྱེད་ཉིད་ང་ཡི་ཚེ་སྲོག་སྟེར་བའི་གཉེན། །
ལུས་སྐྱེད་དྲིན་ཆེན་ཨ་མའི་དཀའ་སྡུག་འགའ། །
སྙིང་ནས་དྲན་པའི་གདུང་བ་འདི་ན་འཕྱུར། །
སྣ་བརྒྱའི་མེ་ཏོག་འཛོམས་པའི་དབྱར་དུས་སུ། །
ཕྱུགས་ཀྱིས་འཚོ་བ་སྐྱོང་བའི་དཀའ་སྡུག་འོག །
ང་ཡི་ཨ་མ་ལྷས་ཀྱི་འདམ་རྫབ་ནང་། །
རྐང་གི་བོལ་ཚིགས་ནུབ་བཞིན་བཞོ་མ་བྱས། །
ཁ་བའི་འདབ་མ་རྒྱས་པའི་དགུན་དུས་སུ། །
ནང་སྔའི་འཁྱག་དར་སྐྱ་བོའི་བར་གསེང་ནས། །
ཆུ་སྐྱོགས་ཟོམ་ལ་གཟར་བའི་བཟོད་སྲན་གྱིས། །
ང་ཡི་ཨ་མ་ལག་པའི་ཤུན་ཁ་གས། །
སྔོ་ཆུང་རྩེ་དམར་འབུས་པའི་དཔྱིད་དུས་སུ། །
དཀར་ནག་ཕྱུགས་རིགས་མ་བུ་བཙའ་སྐྱོང་སྐབས། །
ང་ཡི་ཨ་མ་སྔ་ལངས་ཉལ་ཕྱི་ཡིས། །
གདོང་གི་ཤ་མདོག་དེ་ཡང་སྔོན་པོར་གྱུར། །
ཉེར་དགུའི་སྨག་ཆར་འཁྲིགས་པའི་དགོང་མོ་རུ། །
བྱང་གི་གཅན་སྤྱང་གདུག་པའི་མཆེ་སྡེར་འོག །
ང་ཡི་ཨ་མ་སྒོ་ཁྱི་སྤྱང་ཟུག་ལ། །
སྐྲག་སྟེ་སྦྲ་ནག་གྲིབ་ཀྱི་ལུག་སྲུང་བྱས། །
ཤེས་ཡོན་འཚོལ་སྙེགས་བྱེད་པའི་དུས་བཟང་སྐབས། །
བུ་ཕྲུག་སྙོལ་སྐྱོང་ཁྱིམ་གཞིས་འཚོ་བ་ལས། །
གནམ་འོག་འགྲན་ཟླ་བྲལ་བའི་བདེ་གནས་ཤིག །
ཉེ་བར་སྲིད་ཀྱང་བློ་ཁ་ཕྱོགས་ཐབས་བྲལ། །
ཞེས་ཨ་མའི་དཀའ་སྡུག་དྲན་པའི་དགོང་མོ་ཞིག་ཏུ་བྲིས་པ་ཡིན།
- ཟིན་ཐོ་གོང་མ།གྱ་གྱུའི་བསམ་བློ།
- ཟིན་ཐོ་འོག་མ།༄༅། སྐལ་པ་བཟང་པོའི་བསྟོད་དབྱངས།
ཨ་མ་དྲན་པའི་མིག་ཆུ་ཤོར་ན་འང་།།
ཁྲེལ་མེད་ལས་དབང་བཙན་པོས་བཀོད་བསྒྲིགས་འདིས།།
ང་རང་སྡུག་ལ་སྦྱར་བ་ཐེངས་གཅིག་མིན།།
དུས་ཚོད་ནས་་་་་་