སེམས་མགུར།
ལྷག་མཐོང་ལྟ་བ་ཆེན་མོ་འོད་དཀར་གྱི་ཀློང་ནས།།
བྱམས་སྙིང་བདུད་རྩིའི་སྦྱིན་པ་བར་མེད་དུ་འགྱེད་ཅིང་།།
འགྲོ་བའི་བློ་མིག་སྡོང་བ་སྐྱབས་མཆོག་གི་བླ་མ།།
གསོལ་བ་སྙིང་ནས་འདེབས་ལ་བྱིན་རླབས་ཤིག་སྩོལ་ཅིག།
འཁོར་བའི་གནས་ལ་སྣང་བ་ཨ་འཐས་སུ་ཆགས་པས།།
རྒྱལ་བའི་བསྟན་ལ་དམའ་འབེབ་སྐུར་འདེབས་སུ་གོམས་ཤིང་།།
དགེ་སེམས་ལོག་པར་གོལ་བའི་ཉེས་དམིགས་དེ་གཞིག་ཚེ།།
ནོངས་འགྱོད་མཆུ་མ་ནག་པོ་བར་མེད་དུ་འཐོར་སོང་།།
ངུར་སྨྲིག་བླ་གོས་བཟང་པོ་རང་ལུས་སུ་མནབ་ཀྱང་།།
ཡིད་འོང་ཆུང་འདྲིས་བྱམས་པའི་རུ་གྲོང་དུ་ཕེབས་འདོད།།
དལ་འབྱོར་རྟེན་བཟང་ཐོབ་པའི་མི་ཚེ་ཡི་ལང་ཚོ།།
དོན་མེད་གནས་སུ་འཁྱོལ་བ་སྡུག་བསྔལ་གྱི་གཞི་མ།།
སྔོན་བསགས་བསོད་ནམས་བཟང་པོས་འཕང་འབྲས་ཀྱི་དབང་གིས།།
ལྷོ་རྒྱལ་འཛམ་བུ་གླིང་གི་མི་ལུས་ཤིག་འཐོབ་ཀྱང་།།
གུས་རྟག་བརྩོན་པ་གཉིས་ཀ་རྒྱང་རིང་དུ་དོར་བས།།
བཤེས་གཉེན་བསྟེན་པའི་བསམ་སྦྱོར་ལེ་ལོ་ཡིས་འཕྲོག་སོང་།།
བློ་ལྡོག་རྣམ་བཞིའི་ས་བཅད་རིམ་ཅན་ཞིག་དེད་ཀྱང་།།
འཆི་བ་མི་རྟག་རྒྱུད་ལ་དལ་ཙམ་ཞིག་མ་སྐྱེ།།
འཁོར་བའི་ཉེས་དམིགས་མཐོང་ཡང་འཇིགས་སྐྲག་ཅིག་མེད་པར །།
ལས་འབྲས་བསམ་པ་བོན་བརྒྱད་སྣང་བ་ཡིས་བསླུས་སོང་།།
སྐྱབས་གནས་དཀོན་མཆོག་གསུམ་ལ་དད་པ་ཞིག་བྱུང་ཡང་།།
སྐྱབས་འགྲོའི་བསླབ་བྱ་ནམ་ཡང་བསླབ་རྒྱུ་ཞིག་མ་བྱུང་།།
སྐྱབས་ཀྱི་མཐར་ཐུག་བླ་མ་དཀོན་མཆོག་གི་མདུན་ནས།།
གཞོན་པའི་མི་ཚེ་ཟད་ཀྱང་དོན་སྙིང་ཞིག་མ་མཆིས།།
ཕྱིན་དྲུག་བསྡུ་བཞིའི་སྤྱོད་པ་རླབས་ཆེན་གྱི་ལམ་དུ།།
གོམ་པའི་འདེགས་འཇོག་བྱེད་ལ་རང་སེམས་ནི་སྤྲོ་ཡང་།།
སྒྱུ་ལུས་ཕུང་པོ་འདི་ནི་སྡུག་བསྔལ་གྱིས་ཟིན་པས།།
དགེ་སྤྱོང་རྣལ་མ་ཞིག་གི་བཟོ་ལྟ་ཡང་མ་འོང་།།
རང་སེམས་ཞི་བར་གནས་པའི་ཐབས་ལམ་དུ་ཕྱོགས་ཀྱང་།།
སོ་སོར་རྟོགས་པའི་ཤེས་རབ་ལྷག་པར་དུ་མ་མཐོང་།།
ལས་དང་ཉོན་མོངས་ལྕི་བའི་སྡུག་བདེན་གྱི་ཕུང་པོ།།
བྱ་བརྒྱས་ཁ་ཟས་བྱེད་ཀྱང་བློ་འགྱོད་ཅིག་མེད་དོ།།
ནག་པོ་བོན་བཞིས་དམྱལ་བའི་ཡུལ་ཁམས་སུ་ལྟུང་ཡང་།།
དཀར་པོ་བོན་བཞིས་མཐོ་རིས་ཐར་ལམ་དུ་འཁྲིད་ཀྱང་།།
དཀར་ནག་གཉིས་ཀྱི་ལམ་ན་གོ་ལྡོག་ཏུ་གནས་པའི།།
སྤྲང་པོ་ང་ནི་རྣམ་དཀར་ཡོན་ཏན་ལ་རྨོངས་འདུག།
རྩ་རླུང་ཐིག་གསུམ་ལྷན་འདྲེ་ངོ་བོ་ལ་འབད་ཀྱང་།།
རྣམ་རྟོག་བན་བུན་ཞིག་གིས་བསླུ་བྲིད་དུ་འཕྱན་པས།།
གཏུམ་མོ་ཡེ་ཤེས་མེ་ཡི་བདེ་སྣང་གི་དྲོད་ཁོལ།།
དབུ་མའི་མཐིལ་དུ་ལྟམས་པའི་གོ་སྐབས་ཤིག་མ་མཆིས།།
རང་གི་ལུས་པོ་འགུལ་མེད་ཐོ་ཡོར་དང་འདྲ་བྱུང་།།
ཁྲེགས་ཆོད་ལྟ་བའི་གནས་ལུགས་ཞིབ་མོ་ཞིག་མ་རྟོགས།།
ཐོད་རྒལ་སྣང་བཞིའི་ལྟད་མོ་རྗེན་གཅེར་དུ་འདུག་ཀྱང་།།
རྟགས་དང་མཚན་མའི་ངོ་བོ་མངོན་སུམ་དུ་མ་སྣང་།།
སེམས་ཅན་ཕྱོགས་སུ་དམིགས་པའི་སྙིང་རྗེ་དང་བྱམས་པ།།
སྐྱབས་གནས་ཕྱོགས་སུ་འཁྲེང་བའི་དད་པ་དང་དག་སྣང་།།
ཀུན་གཞིའི་དཀྱིལ་ན་དབེན་པའི་མི་ནག་གི་འཆལ་པོས།།
ལྟ་བའི་དེ་ཉིད་མ་རྟོགས་སེམས་མགུར་འདི་བླངས་སོ།།
༢༠༠༤. ༦. ༡༧ ཉིན་རང་དགོན་སྨན་རིའི་གླིང་ནས་བྲིས།།