༧ མདའ་ཆེན་དཀར་མོ་རི་ཁྲོད།
༧ ཟོག་གི་སྡུག་བཤད།
འབྲུ་བཙུན་བཟོད་པ་རྒྱ་མཚོ།
གནས་རིགས་དྲུག་སྲིད་པའི་ཁམས་འདི་ན། །མ་འགྲོ་དྲུག་ཐུགས་ཀྱིས་མི་འདོར་བའི།།
ཐུགས་བརྩེ་ཆེན་ཡེ་ཤེས་སྤྱན་ཡོད་ན། །ངེད་དུད་འགྲོ་ཚོགས་ལ་གཟིགས་པར་མཛོད།།
ལས་ངན་པའི་རྣམ་སྨིན་ཤུགས་ཆེ་བས། །ལུས་ངན་པ་དུད་འགྲོའི་སྐྱེ་བ་བླངས།།
མི་ཁྲེལ་མེད་བདག་པོའི་དབང་འོག་ཏུ། །སྡུག་ཟད་མཐའ་མེད་པའི་བཀོལ་སྤྱོད་མྱོང་།།
མ་ཨ་མའི་མངལ་ནས་ལྷུང་མ་ཐག །རྐང་སུག་ནས་བཟུང་སྟེ་ས་ལ་བསྐྱེལ།།
རྐེར་ཞགས་ཐག་སྲ་མོའི་ཨ་ལོང་བསྐོན། །དེའི་སྣེ་མོ་འཆོར་མེད་ཕུར་བར་བཏགས།།
དྲིན་མ་ལོས་སྙིང་རྗེ་མ་བཟོད་པས། །ངར་འབོད་པའི་ངུ་སྐད་འབྱིན་བཞིན་དུ།།
མངར་ནུ་ཞོ་བླུད་པར་བྱོན་ལགས་ཀྱང་། །ཞེ་གནག་པའི་བདག་པོའི་རྡོ་ཡིས་བདས།།
ཡང་ཨ་མའི་རྗེས་སུ་བཏང་བའི་ཚེ། །བཞོས་ཟིན་པའི་ནུ་སྟོང་ལྕེ་ཡིས་འཇིབས།།
སེམས་དགའ་སྤྲོ་མ་མནན་མཆོང་ལྡིང་བྱས། །རང་ན་མཉམ་གཞན་དང་བང་རྩལ་འགྲན།།
སྤྱིར་མ་བུ་ལྷན་འཛོམས་དུས་ཡུན་ཐུང་། །མངར་ནུ་ཞོ་བསྣུན་པའི་གོ་སྐབས་ཉུང་།།
ལོངས་སྤྱོད་པ་བདག་པོའི་རང་ལག་རེད། །དགུང་ཉི་མ་ནུབ་རིར་ཡོལ་ཉེ་དུས།།
ཕོ་སྙིང་རྗེ་མེད་པའི་རྫི་བོ་དེས། །ཐོག་སེར་རྡོ་འདྲ་བའི་འུར་རྡོས་དེད།།
སྦྲ་ནག་པོའི་མཐའ་ཡི་ལྷས་སུ་བཅུག །མས་ང་ལ་ནུ་ཞོ་བླུད་བསམ་ཚེ།།
ང་བཙན་གྱིས་ཁྲིད་ནས་རྡང་ལ་བཏགས། །ངས་ནུ་ཞོ་འཐུང་བའི་ལས་མ་ལྡན།།
ངེད་མ་བུ་འགྲོག་པའི་དབང་མ་སྟེར། །ཡང་མཛོ་མོའི་བུ་རུ་སྐྱེས་པའི་ཚེ།
དུས་ཞག་མ་གཅིག་ཙམ་མ་ལོན་པར། །ངེད་མ་བུ་གཉིས་ཀ་བཙན་གྱིས་བཀར།།
ངའི་ཨ་མ་ཁྱིམ་བདག་ནག་མོས་འཕྲོག །ང་ལྐོག་ཏུ་ཕུར་བར་བཏགས་ནས་སྦས།།
ངའི་ཨ་མ་རྡོ་ཡིས་ཕྱིར་བསྐྲད་ཀྱང་། །ང་དྲན་པའི་གདུང་བ་མ་བཟོད་པས།།
ངར་འབོད་ཀྱིན་སྦྲ་མཐར་སྐོར་བ་རྒྱབ། །ཉམ་ཐག་པའི་ངེད་ཅག་མ་བུ་གཉིས།།
སྦྲ་ཕྱི་ནང་བྱས་ནས་འབོད་པ་ལས། །ཞལ་དངོས་སུ་འཚོ་བའི་དབང་མ་བྱུང་།།
ངེད་མ་བུའི་སྡུག་བསྔལ་སུ་ཡིས་ཤེས། །དུས་དེ་ནས་རིམ་བཞིན་ང་ཡི་མ་།།
སེམས་དྲན་པ་བྱེའུ་ཆུང་ཁོ་ཆད་ནས། །ཞོ་འོ་མ་ཁྱིམ་བདག་ནག་མོར་སྟེར།།
ངེད་མ་བུའི་འབྲེལ་བ་དེ་ནས་ཆད། །བཅུད་མེད་པའི་ཆུར་ཁུའི་སྙིགས་མ་དང་།།
གོམས་མེད་པའི་རྩམ་ཁུའི་བཏུང་བ་བླུགས། །ཟས་མ་ཞུ་ཕོ་བར་སྐྲན་ནད་ཐེབས།།
ཟུངས་ཟད་ནས་རུས་མགོ་ཀོ་བས་བཏུམས། །རང་འཆི་ཐག་ཉེ་ན་དགའ་བ་ཡང་།།
སེམས་བསམ་པ་ནག་པའི་ཁྱིམ་བདག་གིས། །དབུགས་མི་ཆད་ཙམ་ཞིག་གསོས་པའིརྐྱེན།།
སྡུག་མུ་གེས་མནར་ནས་འཆི་རུ་བཅུག །ཡང་དུད་འགྲོ་ཕོ་ཡི་ལུས་བླངས་ཚེ།།
གདོང་སྣ་ལ་བཙན་གྱིས་བུ་ག་བཏོད། །དེའི་ནང་དུ་རྩུབ་མོའི་རྩིད་ཐག་དྲངས།།
ཤེད་ཅི་ཡོད་བཏོན་ནས་སྤུགས་འཐེན་བྱས། །ཡག་སྲབ་མོའི་ཤིང་སྒ་སྒལ་བར་བསྟད།།
བློ་གོང་རྨེད་ཐག་པས་དམ་པོར་བཅིངས། །ཁུར་མི་ཐེག་ལྗི་པོའི་ཁལ་བ་བཀལ།།
རྒྱབ་རྨ་ཁ་བརྡོལ་ནས་རྣག་ཁྲག་བཞུར། །ཁལ་བཀལ་ནས་རྒྱང་རིང་འདེད་པའི་ཚེ།།
ཐང་ཆད་ནས་ས་ལ་འགྱེལ་ཉེ་ཡང་། ། ཁྱོད་བཤའ་རར་འདེད་ཅེས་སྡིགས་དམོད་བཅས།།
རྡོ་དབྱུག་པས་ཕོངས་ནས་རྡེག་བཞིན་བདས།།ཡང་མཇིང་བའི་སྟེང་ནས་གཉའ་ཤིང་བཅིངས།།
སྔུན་སྣ་ནས་ཐག་པས་བཙན་གྱིས་ཁྲིད། །ཕོངས་རྒྱབ་ནས་ལྕག་ཚན་ཚ་མོས་བྲབ།།
ཞིང་གཤིན་པོའི་སྟེང་འོག་བསྒྱུར་དུ་བཅུག །འགྲོ་མི་སྟེར་ཐག་པས་སྣ་ནས་བཏགས།།
འདུག་མི་སྟེར་ཕོངས་ནས་ལྕག་གིས་གཞུས། །ཟ་མི་སྟེར་ཁུག་མ་མཆུ་ལ་བསྐོན།།
རྒྱུག་མི་སྟེར་ར་བ་དོག་མོར་བཅུག །ཡར་སྐྱེས་ནས་འཆི་ལ་ཐུག་གི་བར།།
སྐྱིད་ཏིལ་འབྲུ་ཙམ་ཡང་ག་ལ་ཡོད། །ལུས་ཤ་བཅད་ཁྲག་ཕྱུང་བཀོལ་སྤྱོད་ཀྱི།།
སྡུག་མྱོང་བའི་གནས་ཚུལ་བརྗོད་ལས་འདས། །ཡང་ལུས་སེམས་དར་བའི་དགའ་བ་བཅས།།
དབྱར་སྔོ་ལྗང་ཆུ་ཡི་དྭངས་མ་ལ། །བག་ཕབ་ནས་ལོངས་སུ་སྤྱོད་པའི་ཚེ།།
བདུད་འཆི་བདག་གཤེད་མ་གློ་བུར་སླེབས། །ཁྲེལ་མེད་པའི་བདག་པོ་གདོང་དམར་དེས།།
འབྲལ་མི་ཕོད་གྲོགས་ཀྱི་ཁྱུ་ནས་བཀར། །འཕྲུལ་རླངས་འཁོར་རྒྱུ་བའི་ལམ་ཁ་རུ།།
འགྲོ་མི་འདོད་དབང་མེད་བཙན་གྱིས་ཁྲིད། །རྒྱ་ཁ་ཆེའི་ཚོང་པ་ཨོག་ཚར་ཅན།།
མགོ་ཞྭ་མོ་དཀར་ཡང་བསམ་པ་གནག །ངའི་ཤ་ཁྲག་རྒྱས་པའི་གཟུགས་ཕུང་ལ།།
ཡིད་ཚིམ་པའི་མགོ་བོ་གུག་གུག་བྱས། །ང་བཀོལ་མཁན་བདག་པོ་ཁོ་གཉིས་བར།།
རྒྱུས་མེད་ཀྱང་གྲོགས་པོ་གསར་དུ་བསྒྲིགས། །གདོང་འཛུམ་བཞིན་ཕན་ཚུན་ལག་འཇུ་བྱེད།།
མེ་བསྐོས་པའི་དྲི་ལྡན་སྐྱེས་སུ་བཏེགས། །ངས་དེ་དུས་ཁོ་གཉིས་བཤེར་བའི་ཚོང་།།
གོང་མི་འགྲི་པ་ཞིག་ཡེ་འབྱུང་རེ། །ཅང་མ་འགོར་སྒོར་མོ་བདག་པོར་སྤྲད།།
ང་ཁོ་ཐག་ཡིད་རྒུ་དེ་ནས་ཆད། །བློ་རྨོངས་ཀྱང་བདེ་སྡུག་ཚོར་བ་གསལ།།
ངག་ལྐུགས་ཀྱང་ཡིད་ལ་ཅི་ཡང་འཆར། །སྡུག་མི་འདོད་བདེ་བར་ཞེན་པ་ནི།།
ཁྱོད་མི་དང་ཁྱད་པར་གཏན་ནས་མེད། །སྒོ་དེ་རུ་སྐྱེ་བ་བླངས་ནས་བཟུང་།།
ང་རྟེན་སའི་གནས་དང་འགྲོགས་པའི་མིར། །ཁྱིམ་བཟའ་བ་གཅིག་གི་བསམ་པ་བཟུང་།།
ཞེ་ལོག་པའི་རྣམ་འགྱུར་སྟོན་མ་མྱོང་། །མི་དེ་ཚོར་ཡུན་རིང་འདྲིས་པའི་རྐྱེན།།
ཡིད་དགའ་བའི་བག་ཆགས་ཟབ་མོ་བཞག །གཟུགས་མཐོང་ཚེ་གམ་དུ་གཅར་འདོད་སྐྱེས།།
སྐབས་ལ་ལར་གཞན་གྱི་ཕྱུགས་རའི་ནང་། །མགོ་འཁོར་ཚེ་རང་གི་བདག་པོ་དྲན།།
རང་ཁྱིམ་དུ་འགྲོ་བའི་སེམས་པ་བྲེལ། །ཕྱིར་ཐོན་དུས་ཡིད་ལ་བདེ་སྣང་སྐྱེས།།
སྤྱིར་བདག་པོ་དེ་ཡི་དབང་འོག་ཏུ། །བཟོད་དཀའ་བའི་སྡུག་བསྔལ་ཁོ་ན་ལས།།
སྐྱིད་རིལ་འབྲུ་ཙམ་ཞིག་མི་གདའ་ཡང་། །བློ་མ་ཕམ་བདག་པོའི་ཞབས་ཏོག་བསྒྲུབས།།
ཚེ་གང་བོར་བཀོལ་སྤྱོད་སྡུག་བསྔལ་གྱིས། །ལས་གང་བྱས་ངོ་སོ་མ་མཆིས་པར།།
མཐར་གྲི་རུ་གསོད་འདི་འོས་མིན་ཡང་། །ཟོག་དུད་འགྲོ་སྤྱི་ཡི་ལས་བསྐོར་རེད།།
ཕ་བླ་མས་ཚོམས་ཆེན་གསེར་ཁྲིའི་སྟེང་། །མ་འགྲོ་དྲུག་སྙིང་རྗེའི་ཡུལ་ཡིན་ཞེས།།
གསུང་སྐད་གསང་མཐོན་པོས་བསྒྲགས་ན་ཡང་། །ཤ་གསོལ་ཚེ་སྔར་གསུང་ཐུགས་ན་མེད།།
དཔལ་རྒྱལ་བའི་རྗེས་འཇུག་དགེ་འདུན་པས། །ཤ་ཞེས་པ་ཁ་ཟས་སྡེ་བཞིའི་ནང་།།
ཁོ་སྲུང་བའི་ཟས་ཁྲིམས་དངོས་ཡིན་ཡང་། །བཞེས་འདོད་ཚེ་དམ་བཅའ་ཡིད་ན་མེད།།
རྒན་ཕོ་མོ་ལུས་ངག་དགེ་སེམས་སེམས་ཅན། །ལག་གཡས་གཡོན་ལག་འཁོར་ཕྲེང་བ་ཐོགས།།
ངག་བཟླས་བརྗོད་བྱ་བར་བྲེལ་ཡོད་ཀྱང་། །ཤ་བཞེས་ཚེ་སྙིང་པོའི་སྤོད་ཡ་རེད།།
གཞི་སྙིང་རྗེ་གཏིང་ནས་མ་སྐྱེས་པར། །ཁ་སྐམ་པོས་གཞན་གྱི་ལད་ཟློས་ཀྱིས།།
རང་སྣང་བ་སྐྱིད་པོའི་དགེ་སྤྱོར་དེ། །དོན་འགག་ལ་ཐུག་ཚེ་ཡིད་ན་མེད།།
ཕྱི་ལུས་ངག་ཚུལ་འཆོས་དགེ་བ་འདི། །ཁྱེད་མགོ་ནག་མི་ཡི་ལུགས་སྲོལ་རེད།།
ཁ་དགེ་བ་ཁོག་པ་སྡིག་ཆེན་དེ། །ཁྱེད་མགོ་ནག་མི་ཡི་རང་གཤིས་རེད།།
གཞན་གང་གི་ལད་ཟློས་མ་ཡིན་པར། །བློ་ངེས་འབྱུང་དད་པས་རྒྱུད་བསྐུལ་ནས།།
ཞེ་གཏེང་གི་དགེ་སྦྱོར་ཞིག་ཡིན་ཚེ། །ཤ་ཟ་འདོད་ཡིད་ལ་མི་འཁོར་ངེས།།
སྲོག་མ་བཅད་ཤ་ཞིག་གང་ནས་འབྱུང་། །དབུགས་མ་ཕྲོགས་ཁྲག་ཅིག་གང་ནས་ལེན།།
དུས་ད་ལྟ་རྔམ་རྔམ་ཟ་བ་འདི། ། ངེད་དུད་འགྲོ་བསད་པའི་ཤ་ཁྲག་རེད།།
གནས་མཁར་དབུགས་དྭངས་བའི་མཐོ་སྒང་གི།།ངེད་གནག་ཕྱུགས་བདག་པོ་བོད་མི་རྣམས།།
ལྷ་དཀོན་མཆོག་གསུམ་ལ་སྐྱབས་གསོལ་ན། །ཆོས་རྣལ་མའི་བྱིན་རླབས་གང་དུ་ཡལ།།
རྒྱད་འཇམ་པོ་ཆོས་ལྡན་གངས་བུ་ཚོས། །ཆོས་མིན་པ་ཡིད་ལ་མི་དྲན་ཞེས།།
མ་འགྲོ་ལ་སྙིང་རྗེ་སྒོམ་སྒོམ་པའི། །དོན་སྙིང་པོའི་ནུས་པ་གང་དུ་ཤོར།།
ཕྱུགས་དུད་འགྲོའི་བདག་པོ་བོད་མིའི་ཁྲོད། །དུས་རྟག་ཏུ་ལྷ་ཆོས་གླེང་གླེང་བས།།
ཚིག་དོན་ལ་སྐོར་མཁན་ཡོད་སྲིད་ན། །ངེད་སྒོ་ཟོག་ཚེ་ཐར་གཏོང་བར་མཁྱེན།།
- ཟིན་ཐོ་གོང་མ།༧མདའ་ཆེན་དཀར་མོ་རི་ཁྲོད་དམ་སྐྱང་ཁ་མ་ཚང་གི་བླ་རབས་
- ཟིན་ཐོ་འོག་མ།༧ ཀ་རྨད་སུམ་ཅུ་ལས་དྲངས་པའི་མགུར།