༧ མདའ་ཆེན་དཀར་མོ་རི་ཁྲོད།
༧མདའ་ཆེན་དཀར་མོ་རི་ཁྲོད་དམ་སྐྱང་ཁ་མ་ཚང་
གི་བླ་རབས་དང་པོ་ནི།
སྤྲུལ་སྐུ་ནམ་མཁའ་བསྟན་འཛིན་མཆོག་ཡིན་ལ།
དེའི་རྣམ་ཐར་མདོར་བསྡུས། ཁོང་ནི། རབ་བྱུང་བཅུ་གཅིག་པའི་ཆུ་སྟག[༡༦༦༢]ལོར་ཨ་སྐྱིད་རོང་མཛོ་མགོའི་སྡེ་བའི་གསེར་ཚའི་བན་དེ་ཐར་བྱ་བའི་སྲས་སུ་འཁྲུངས། མདའ་ཆེན་དགོན་པའི་གདན་རབས་ཉི་ཤུ་པ་བླ་མ་རྣམ་རྒྱལ་གྲགས་པས་དམ་པ་སྔ་མའི་
ཡང་སྲིད་དུ་ངོས་འཛིན་གནང་ནས་གདན་དྲངས་ཏེ་ཁྲི་སར་བསྐོས།དགེ་རྒན་གྱི་མདུན་ནས་
འབྲི་ཀློག་འདོན་གསུམ་སྦྱང་ནས་མདོ་སྔགས་ཆོ་གའི་འཕྲིན་ལས་ལ་བྱང་ཆུབ་པར་མཛད།
མཁས་དབང་དུ་མ་ཡོངས་འཛིན་དུ་བསྟེན་ནས་གསན་བསམ་ལེགས་པར་མཛད་པས་ངེས་
པ་དོན་གྱི་མཁས་པར་གྱུར། ཕྱི་ནང་གསང་བའི་སྡོམ་པ་རྣམས་རིམ་གྱིས་མནོས་ནས་བླང་དོར་ལ་ཚུལ་བཞིན་གནས། ཁྱད་པར་གསང་སྔགས་བླ་མེད་ཀྱི་བོན་སྒོར་ཞུགས་ནས་སྒྲུབ་པ་དང་ཉམས་ལེན་མཐའ་
དག་མཐར་ཕྱིན་པར་མཛད། ཁོང་གི[རྣམ་ཐར་མདོར་སྡུས]ལས།
ཆུང་ནས་དད་པས་རྒྱུད་བརླིང་ཞིང་འཁོར་བ་ལ་སྒྱིད་ལུག་སྐྱེ་ནས་ངེས་འབྱུང་དད་པའི་
སྒོ་ནས་འཛམ་གླིང་དབུས་ཀྱི་ལྟེ་བ་གངས་ཏི་སེར་ཕྱག་སྐོར་དུ་ཕེབས་པ་ལ།
སྐུ་ཚེ་རི་ལ་བསྐྱལ་ཞིང་བྱར་མེད་རྣལ་འབྱོར་བ་ཞིག་ལ་མཇལ་སྐབས་སུ་བདག་རང་
ཁོང་ཉིད་ཀྱི་དྲུང་དུ་འདུག་དགོས་ཞུས་པའི་ལན་དུ་ཁྱོད་རང་ཞག་འགའ་ལ་ཕྱག་སྐོར་
གྱིས་ལ་ཤོག་དང་།དེ་བཞིན་བྱས་ནས་སླར་སྐུ་མདུན་དུ་ཕེབས་ཚེ།ཁྱོད་ཀྱིས་བོན་འཁོར་
བསྐོར་བའི་ཡུལ་འདི་མ་ཡིན་རང་ཉིད་འཁྲུངས་བའི་ཡུལ་དེ་ཕྱོགས་སུ་ཡིན་པས།ཞེས་དང་།
དེ་ཕྱོགས་སུ་བཞུགས་ན་སྐུ་གསུང་ཐུགས་ཀྱི་བསྟན་པ་ཡུན་རིང་བླ་རུ་འཕེལ་ཞིང་གནས་ཏེ།
སེམས་ཅན་གྱི་དོན་ངང་ངམ་ཟུགས་ཀྱིས་འགྲུབ་པའི་རྟེན་འབྲེལ་བཟང་པོ་འབྱུང་བ་ལགས་
སོ།ཞེས་གསུངས་སོ།
ཡང་བྱར་མེད་ཀྱི་རྣལ་འབྱོར་བ་དེའི་སྐུ་ལུས་བྱ་རྒོད་ཅིག་ཏུ་སྤྲུལ་ཏེ་སྤོས་ངད་ལྡན་གྱི་རི་བོ་
ནས་སྤོས་སྣ་ཚོམ་གཅིག་ཁྱེར་ནས་སྤྱི་རྒྱ་རླབས་ཀྱིས་གཅོད་དེ་མདོ་སྨད་ཡུལ་མདའ་ཆེན་
དཀར་མོ་རི་ཁྲོད་དུ་བྱོན་ནས།དེར་རྒན་མོ་ཤིང་ཁུར་ཞིག་དང་འཕྲད་ནས་དེ་ལ་གཤོག་
ལྕག་རྒྱབ།དེའི་རྒྱབ་རིའི་ངོས་སུ་སྤོས་དེ་བཏབ་ཡོད། དེའི་ཟུར་དུ་ཐེག་དགུ་བོན་གྱི་ཡང་རྩེར་ཟིན་པའི་བརྡ་རུ་ཤུག་སྡོང་གི་ཡལ་ག་དཀྱུས་པ་
ཡི་གེ་ཨ་ཡི་ཟོལ་དུ་ཡོད་པ།གནས་མཆོག་ཁྱད་པར་ཅན་དེར་རྒྱལ་བའི་བསྟན་པ་སྤྱི་དང་
ཁྱད་པར་དུ་གསང་རྒྱུད་ཐེག་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་
ཤིང་།བསྟན་འགྲོའི་འཕྲིན་ལས་རྒྱ་ཆེར་ཡོང་བའི་རྟེན་འབྲེལ་ཡོད་པ་དང་སྒོམ་སྒྲུབ་ཉམས་
ལེན་བྱེད་པའི་རྣལ་འབྱོར་བ་གནས་པའི་ས་དཔྱད་ལེགས་ཤིང་དགེ་མཚན་འབར།
ཁོར་ཡུག་ཀུན་ཏུ་མུ་ལེ་དྲུང་ཤིང་དང་ས་ལུའི་ལྗོན་པ་སོགས་ཤིང་སྣ་མི་འདྲ་བ་བརྒྱ་རྩ་
བརྒྱད་དང་།ཨུདྤལ་ལ་སོགས་མེ་ཏོག་སྣ་ཚོགས་དང་།ལུས་མཛེས་པའི་རི་དྭགས་དང་སྐད་
སྙན་པའི་བྱ་རིགས་སྣ་ཚོགས་འཕུར་ལྡིང་དང་རྩེད་འཇོའི་བར་ལ་རོལ་བ།ཉམས་དགའ་
ཡིད་དུ་འོང་བའི་གནས་མཆོག་ཁྱད་པར་ཅན་དེར་ཁྱོད་ཀྱིས་རི་ཁྲོད་བཏབ་ན་བསྟན་པ་
དང་འགྲོ་བ་སེམས་ཅན་ཀུན་ལ་ཕན་ཐོག་འབྱུང་། གསུངས་ནས་ལུང་བསྟན་གནང་བར་བརྟེན་ཁོང་ཉིད་རང་ཡུལ་དུ་ཕྱིར་ཕེབས།དེ་ནས་
ཁོང་གིས་ཕྱོགས་ཡས་མས་སུ་རྩད་ཞིབ་གནང་བའི་རྩ་བའི་བླ་མའི་ལུང་བསྟན་དེ་དག་
ཐམས་ཅད་བདེན་པར་འདུག་བས།ངེས་ཤེས་གཏིང་ནས་རྙེད་ཅིང་དད་པ་ལྷག་པར་
སྐྱེས་ནས།གནས་མཆོག་དཀར་མོ་རི་ཁྲོད་དུ་སྤྱོད་ལམ་བཞི་ཤོང་གི་ཁང་བུ་ཞིག་ཕུབ་ནས་
བྱ་བྲལ་ཀུན་སྤོང་གི་རྟུལ་ཞུགས་དང་དུ་བླངས་ཏེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་
པ་ཉམས་སུ་བཞེས་ཤིང་།བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་ལ་བརྩོན་པ་ཆུ་བོའི་
རྒྱུན་ལ་འགྲན་བཞིན་སྐུ་ཚེ་རི་ལ་བསྐྱལ། ཡང་ཁོང་གི་[རྣམ་ཐར་]ལས། ལྷག་པར་ཡིད་ཆེས་པའི་དད་པ་བྱུང་ནས་དཀར་མོ་རི་ཁྲོད་ཅེས་བྱ་བ་འདི་རུ་ཁོང་ཉིད་
རོགས་མེད་གཅིག་བུར་གནས་ཤིང་།རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་ཞྭ་དཀར་བོན་གྱི་རིང་
ལུགས་འཁྲུལ་བ་མེད་པ་ཚུལ་བཞིན་དུ་འཛིན་པའི་སླད་དུ།ཕྱི་སྤྱོད་ལམ་རྣམ་པར་དག་པ་
ཁྲིམས་ཉིས་བརྒྱ་ལྔ་བཅུ་མིག་གི་རྡུལ་བཞིན་དུ་བསྲུངས་ཤིང་།ནང་ཐབ་ལམ་རིམ་གཉིས་
ཀྱི་ཐེག་པ་ཡ་མིན་ཟུང་འབྲེལ་བསྐྱེད་རྫོགས་ལ་དབང་འབྱོར་བརྙེས་པ།གསང་བ་རྫོགས་
པ་ཆེན་པོའི་དོན་མངོན་དུ་གྱུར་ཏེ་གདོད་མའི་མགོན་པོ་རང་ལས་མི་གཞན་པའི་རེ་
དོགས་རྦད་ཀྱིས་ཆོད་པའི་ཐུགས་དམ་བླ་རུ་གྱུར་བའི་དགོངས་པ་ལྡན་ཏེ།བསྟན་དང་
འགྲོ་ལ་སྨན་པའི་ཐུགས་བསྐྱེད་རྒྱ་ཆེ་བའི་ངང་དུ་སྐུ་ཚེ་ཧྲིལ་པོར་ལེགས་པར་བྱས་བའི་
སྦྱོར་བ།གང་ལ་གང་བཙུན་ཐབས་ཀྱི་མདའ་ལ་དམིགས་མེད་ཤེས་རབ་ཀྱི་མདེའུ་སྦྱར་
ཞིང་བརྩོན་པར་ལགས་ལ།མཚན་བཅས་ཀྱི་དགེ་བ་ལའང་འདིར་སྣང་འཇིག་རྟེན་པའི་
སྣང་ངོར་མཛེས་ཆགས་ཁེ་གྲགས་ཀྱི་རིགས་སུ་གཏོགས་པ་རྣམས་སྤངས་ནས་དགེ་བ་རོ་
མེད་དུ་བྱ་དགོས་གསུངས་ཏེ།གྱང་ར་སྒོག་པོ་ཅན་གྱི་ཁང་བ་དང་།ཞིག་ཟག་ཉམས་འཇིག་
ཅན་གྱི་ལྡེར་བཟོ་རྣམས་མི་མཛད་པར།ཁམས་བརྒྱད་དྲི་མེད་ལ་སོགས་གསུང་རབ་མང་
པོ་དངུལ་གྱིས་བྲིས་པ།མར་མེ་དང་དར་ཅོག་གསུང་རབ་བཟླས་བརྗོད་རྣམས་གཙོ་བོར་
མཛད་ཅིང་།མདོ་སྨད་ཀྱི་ཡུལ་གྲུ་གང་དག་དགེ་བའི་ཁ་ལོ་གྱེན་དུ་བསྒྱུར་ནས་འབྲེལ་ཚད་
སངས་རྒྱས་ཀྱི་ས་ལ་བཀོད་དེ་སྐྱིད་ཀྱི་སྣང་བས་ཡོངས་སུ་བརྡལ་བའི་མཛད་པ་དང་སྐུ་ཚེ་
མཐར་ཕྱིན་ནས་མི་མངོན་པའི་དབྱིངས་སུ་གཤེགས་ཚུལ་བསྟན་པའོ། ཞེས་གསུངས་སོོ།
དེས་ན་འདིའི་རྣམ་ཐར་དུམ་བུ་འདིས་དམ་པ་ཁོང་ཉིད་ཀྱི་སྐུ་ཚེ་ཧྲིལ་པའི་མཛད་རྣམ་
མཐའ་དག་ཕྱོགས་གཅིག་ཏུ་དྲིལ་བའི་སྡོམ་ཚིག་ལྟ་བུར་བསྟན་ཞིང་།མཛད་པ་དང་སྐུ་
ཚེ་མཐར་ཕྱིན་ནས་ཞེས་པའི་ཚིག་འདིས་སྐུ་ཚེ་ཡང་རིང་པོར་འཚོ་བཞུགས་གནང་ཡོད་
པ་མཚོན་ནོ།སྐབས་འདི་ནས་སྐྱང་ཚང་གི་བླ་བྲང་ཁག་གཉིས་སུ་གྱུར་བའི་དབུ་ཚུགས་ཏེ་
ཐོག་མར་རི་ཁྲོད་པ་ནས་རིམ་གྱིས་བླ་བྲང་དུ་གནས་གྱུར་ནས་དཀར་མོ་རི་ཁྲོད་ཅེས་པའི་
ཐ་སྙད་འདིའང་དུས་དེ་ནས་བྱུང་བ་ཡིན་ནོ།། མདའ་ཆེན་དགོན་གྱི་ལོ་རྒྱུས་ལས་བཤུས།
- ཟིན་ཐོ་གོང་མ།བོན་ཆོས་དབྱེར་མེད་རྣམ་བཤད་སྐྱ་རེངས་སྣང་བ།
- ཟིན་ཐོ་འོག་མ།༧ ཟོག་གི་སྡུག་བཤད།