སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སེམས་ལ་བཤད་པ།
[ 2012/7/6 13:27:00 | By: གངས་སྙུག ]
 

སེམས་ལ་བཤད་པ།

 

སེམས་ཀྱིས་སེམས་བསླུས་སེམས་ཀྱིས་ལུས་ཀྱང་བསླུས།།

སེམས་ཀྱིས་སེམས་སྤུར་སེམས་ཀྱིས་ལུས་ཀྱང་སྤུར།།

སེམས་ཀྱིས་ལུས་སེམས་ལྷ་རུ་བསྒྱུར་བ་དང་།།

སེམས་ཀྱིས་ལུས་སེམས་འདྲེ་ལ་བསྒྱུར་བའང་ཡོད།།

 

སེམས་ཞེས་གཟུགས་དང་རིས་སུ་མ་གྲུབ་ཀྱང་།།

འབྲེལ་འདྲིས་ཅན་གྱི་གྲོགས་འདི་སེམས་ཀྱི་གཟུགས།།

སྡང་བའི་དགྲ་ཡང་སེམས་ཀྱི་ཆོ་འཕྲུལ་ཏེ།།

སྣང་བ་འདི་ཀུན་ཁྱོད་ཀྱིས་བསྐྲུན་ཏེ་སོང་།།

 

གཙང་མའི་ཀུན་སྤྱོད་དག་པའི་དགེ་སྦྱོར་དང་།།

མི་གཙང་ལས་ངན་མ་དག་སྡིག་བཅུ་སོགས།།

ལྷ་དང་མི་ཡི་ཆོས་དང་སྤྱོད་པ་ཀུན།།

རྣམ་པར་བཞག་པའི་ཚུལ་འདི་ཁྱོད་ལས་འཁྲུངས།།

 

སེམས་པ་གྱ་གྱུ་འདི་ཡི་ཕར་ངོས་ན།།

སྣང་ཁྲག་ཁྲིགས་ཤིག་གི་ཚུར་ངོས་སུ།།

འཐད་པ་བརྒྱ་ཞིག་ཞེན་པའི་བློ་དང་འཁྱུད།།

མི་འཐད་སྟོང་ཡང་སྡང་བའི་སེམས་ཀྱིས་སྐྲོད།།

 

མཛེས་མའི་མཚར་སྡུག་མ་བཅོས་སྒྱུ་རྩལ་གྱིས།།

རང་གི་སེམས་ནི་བཙན་གྱིས་བརྐུས་འདྲ་ཡང་།།

དོན་དུ་མཛེས་མ་སེམས་ཀྱིས་བཟོས་པ་ཏེ།།

ཁྱོད་ལས་མ་འཁྲུངས་མཛེས་པའི་ཁུངས་མ་རྙེད།།

 

ཆུང་མར་མཛེས་པ་ཁྱོ་གའི་རྣམ་པ་ཡང་།།

དེ་བཞིན་ཆུང་མའི་བློ་ཡིས་བཞག་པ་སྟེ།།

མདོར་ན་ཕྱི་ནང་སྣང་བའི་འཛིན་སྟངས་ཀུན།།

འཐད་མིན་རང་འཛིན་སེམས་ཀྱིས་བསྐྲུན་པ་ཞིག།

 

ཁར་རྩང་སྙིང་ན་སྡུག་པའི་མཛེས་མ་ཡང་།།

དེ་རིང་མི་འཐད་སྟོང་གི་གཡོ་སྦྱོར་ཞིག།

འགྱུར་བ་འདི་ཡང་སེམས་ཀྱིས་བྱས་པ་ལས།།

མཛེས་མའི་ངོས་ནས་སྤྲུལ་བསྒྱུར་བྱས་པ་མིན།།

 

དེ་བཞིན་དཔེ་དེས་དྲངས་པའི་སྣང་ཁམས་སུ།།

སྣང་བ་ཁྲ་ཁྲ་འདི་ཡི་ཕྱི་ནང་ཀུན།།

སེམས་ཀྱི་གསང་བ་ཉུལ་བའི་གཏེ་པོ་སྟོང་།།

མཐའ་མེད་ཤེས་བྱའི་དཀྱིལ་འཁོར་བསྐོར་ཏེ་ཐལ།།

 

༢༠༡༢.༧.༣   ཉིན་ཆབ་མདོར་བྲིས།

 

 
 
Re:སེམས་ལ་བཤད་པ།
[ 2012/7/6 18:18:11 | By: tendhargye ]
 
tendhargyeགྲོགས་ལགས་བཀྲ་ཤིས་བདེ་ལེགས། ཁྱེད་ཀྱི་སྙན་ངག་ལ་ཕྲན་རང་བཞིན་སེམས་ཡིད་དབང་ཤོར་ཞིང་། རྗེས་ཕྱོགས་མུ་མཐུད་རྩོམ་གནང་ཡོང་བའི་རེ་བ་བྱེད་བཞིན་ཡོད།
 
 
Re:སེམས་ལ་བཤད་པ།
[ 2012/7/6 18:45:01 | By: dzjinpa ]
 
dzjinpaབཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་བྲིས་པ་འདི་ཧ་ཅང་སྙན་འདུག་
ཁོ་བོའི་བློ་ལ་བབས་སོང་།
 
 
Re:སེམས་ལ་བཤད་པ།
[ 2012/7/6 21:18:58 | By: zhongsong ]
 
zhongsongདེ་དངོས་གནས་ནང་བཅུད་ཡོད་པའི་སྙན་ངག་ཅིག་ཏུ་སེམས་སོ།
 
 
Re:སེམས་ལ་བཤད་པ།
[ 2012/7/6 22:20:23 | By: སྐུ་མགྲོན་s85Are(སྐུ་མགྲོན) ]
 
སྐུ་མགྲོན་s85Are(སྐུ་མགྲོན)ཐམས་ཅད་སེམས་ཀྱིས་བཟོས་པའི་བདེན་ཁ་དེ།
དེ་བཞིན་སེམས་ཀྱིས་གོ་བའི་གནད་མིན་པ།
དགེ་བ་སྡིག་པར་སྡིག་པ་དགེ་བ་རུ།
བསྒྱུར་ཏུ་མི་གཏུབ་པ་ཡི་གཤིས་འདིས་ཤེས།

ཐམས་ཅད་སེམས་ཀྱིས་བཞག་པའི་ཚུལ་དེ་ཉིད།
དེ་ཉིད་གོ་བའི་ཤེས་རབ་རྩལ་ཡོད་ན།
ཐག་ཁྲར་སྦྲུལ་དང་སྦྲུལ་ཕུང་སྦྲུལ་བཏགས་པ།
ཁྱད་མེད་ཤེས་པའི་མྱོང་བ་དགོ་འདུག་པས།

སྙུག་ཟོར་ནས།
གཤམ་དུ་གངས་སྙུག་ལགས་ཀྱིས་ལན་སློག་པ་ནི་
སྣང་བ་ཐམས་ཅད་སེམས་ཀྱིས་བཟོས་པའི་ཚུལ།།
སྣང་བ་ལྡིང་ལྡིང་དེ་ཚོས་ག་ལ་གོ།།
དགེ་སྡིག་སྐྱོན་ཡོན་སེམས་ཀྱིས་མ་བཞག་པའི།།
སེམས་མེད་བེམ་པོའི་བགོ་སྐལ་ནམ་ཞིག་ལྷག།

ཐག་ཁྲ་སྦྲུལ་དུ་འཁྲུལ་དེ་ལོག་རྟོག་དཔེར།།
མཁས་པ་གོང་མས་དཔེ་ཆའི་དགོས་མཁོར་བཞག།
དེ་རིང་སྙུག་ཟོར་གྲོགས་ཀྱིས་ཁྱོད་བཀོལ་ཏེ།།
སྙུག་གུས་བྲིས་པའི་རི་མོར་རྒོལ་སྙམ་ཞིག།

སེམས་ཀྱིས་བཞག་ཚུལ་གོ་བ་ཡོད་མེད་དེ།།
སེམས་ཀྱི་དངོས་པོ་ཕྱི་རུ་འཆར་བ་ཡི།།
སེམས་ཀྱི་རྩལ་ལས་འཁྲུངས་པའི་རྩོམ་རིགས་ལས།།
སེམས་ཀྱི་གོ་བ་ཅན་ལ་འགྲེལ་ཞིང་འཆད།།

ཐག་ཁྲར་སྦྲུལ་དང་སྦྲུལ་ཕུང་སྦྲུལ་ལ་སོགས།།
གང་ཞིག་གནད་ལ་གང་མིང་གདག་པའི་ཚུལ།།
རང་འཛིན་བློ་ཡིས་བཞགས་པ་མི་བདེན་ན།།
གཅིག་མིན་སྟོང་གི་སྐད་རིགས་ཇི་ལྟར་འགྱུར།།

ཁྱོད་ལ་སྤྲིངས་པའི་འཕྲིན་གྱི་གཏམ་ཐུང་འདི།།
ཁྱོད་དང་ང་གཉིས་རིགས་པའི་གླེང་སྟེགས་ལས།།
ཁྱོད་ལ་མི་འདོད་ཟུར་ཟའི་ཚིག་སྐམ་མིན།།
ཁྱོད་ཉིད་དགའ་བའི་ངོ་བསྟོད་དེ་བས་མིན།།
 
 
Re:སེམས་ལ་བཤད་པ།
[ 2012/7/8 0:12:47 | By: སྐུ་མགྲོན་s85Are(སྐུ་མགྲོན) ]
 
སྐུ་མགྲོན་s85Are(སྐུ་མགྲོན)སྣང་བ་སེམས་ཀྱིས་བཞག་པའི་ཚུལ་བདེན་ན།
ཀ་བས་གདུང་འདེགས་བུམ་པས་ཆུ་སྐྱོར་སོགས།
གཏན་དུ་ཁེལ་བའི་མཚན་ཉིད་མི་འགྲུབ་ཅིང་།
མི་རིགས་སྟོང་ལ་ཐུན་མོང་ཇི་ལྟར་སྣང་།

ཀ་བས་ཀ་བའི་སྟེང་ནས་གདུང་མ་བཀྱག
བུམ་པས་བུམ་པའི་ནང་ནས་ཆུ་བསྐྱིལ་སོགས།
རང་སོའི་ངོས་ནས་དོན་རེ་མ་བྱེད་ན།
བློ་བརླམ་ཙམ་ལས་འགྲུབ་མིན་དངོས་ཐོག་གསལ།

ལུག་མགོ་གསེར་དུ་རློམ་ཚེ་གསེར་འགྱུར་ཞིང་།
མཇེ་མགོ་ལྷ་རུ་བསྒོམས་ན་ལྷ་འགྱུར་སོགས།
མི་འདོད་སྐྱོན་གྱི་ཕུང་པོས་གཉའ་གནོན་པའི།
སེམས་ཀྱིས་བཞག་པར་འདོད་དེ་གནས་ཚོད་མིན།
དང་པོ་ཡུལ་གྱི་སྟེང་ནས་གྲུབ་པ་དང་།
དེ་ནས་བློ་ཡིས་དཔྱད་པས་ཡུལ་གྱུར་ཞིང་།
སླར་ཡང་རང་གི་ངོས་ནས་གཞན་འགྱུར་བ།
ང་ཚོའི་མིག་མདུན་ནས་དང་མྱུ་གུ་བཞིན།

སྙུག་ཟོར་ནས།




གཤམ་དུ་གངས་སྙུག་ལགས་ཀྱིས་ལན་སློག་པ་ནི་
ཀ་བའི་གདུང་འདེགས་བུམ་པའི་ཆུ་སྐྱོར་སོགས།།
གདོད་ནས་གྲུབ་ཚུལ་རིག་གཞུང་ཞིག་གི་འགྲོས།།
འོན་ཏེ་ཀ་བ་བུམ་པའི་དངོས་མཚན་དེ།།
སེམས་ཀྱིས་མ་བཏགས་ལོག་ནས་རྙེད་པ་མིན།།

མི་རིགས་སྟོང་ངམ་མི་ནི་སྟོང་ཕྲག་ཏུ།།
ཐ་སྙེད་འདི་དག་གཅིག་གིས་གཅིག་བསླབས་ཏེ།།
གཅིག་གཅིག་གཉིས་གཉིས་རིམ་པར་ཤེས་ཙམ་ལས།།
ཀ་བའི་ངོས་ནས་ཀ་བ་ངོ་སྤྲོད་་མིན།།

གཞུང་ལུགས་ཤིག་གི་དགོངས་དོན་ཡིན་སྙམ་པའི།།
ཀ་བས་གདུང་འདེགས་བུམ་པས་ཆུ་སྐྱོར་སོགས།།
ཐ་མལ་བློ་ཡི་སྣང་ཚུལ་བཤད་པ་ལས།།
ཡིན་ལུགས་དངོས་ཁམས་གནས་ཚོད་ག་ལ་ཡིན།།

ལུག་མགོ་གསེར་དང་མཇེ་མགོ་ལྷར་སྒོམ་པ།།
གནད་དུ་སོང་ཚེ་དོན་ལ་འབྱོར་བ་སྟེ།།
བུམ་པ་རྟེན་གཏོར་དཀྱིལ་འཁོར་བཞེངས་བཀོད་ལས།།
ལྷ་དང་གཞལ་ཡས་འགྲུབ་པ་ལུང་གིས་འཆད།།

གུ་ཡང་བློ་ཡིས་དཔྱད་དེ་བལྟས་པའི་ཚེ།།
ཀ་བའི་ཐ་སྙེད་ཀ་འཛིན་བློ་ཡིས་བཏགས།།
ཀ་འཛིན་ཤེས་པ་ཀ་བར་བརྟེན་ནས་བྱུང་།།
ཡུལ་ཤེས་རྟེན་འབྱུང་སྣང་བས་བསྐྲུན་ཙམ་མོ།།

གྲོགས་ལོས་བཤད་པའི་ཐ་མའི་ཚིག་བཅད་དུ།།
སེམས་ལ་མ་བརྟེན་ཡུལ་སྟེང་གྲུབ་འདོད་ཅིང་།།
བློ་ཡིས་དཔྱད་ཚེ་གཞི་ནས་ཡུལ་འགྱུར་བའི།།
དོན་དེ་ངོས་བཟུང་གསལ་འགྲེལ་ཤེས་ཚེ་ཤོག།

དེ་ཉིད་ཡུལ་གྱི་ཐ་སྙེད་རུང་མི་རུང་།།
རུང་ན་ཁྱོད་དང་སྦྲེལ་བའི་ཡུལ་ཅན་དགོས།།
མི་རུང་ཡུལ་དུ་བཤད་པ་རང་བཞིན་འགལ།།
ཡུལ་དང་ཡུལ་ཅན་ལྟོས་འཇོག་ཡིན་པས་སོ།།

སྙུག་མིང་ང་ལ་གཏམ་གཞན་ཞིག་ཡོད་དེ།།
སྙུག་གུར་ཟོར་བ་མི་འཚམས་ཀུན་ཤེས་ཤིང་།།
སྙུག་དབལ་འབྱིན་ལ་སྙུག་གྲི་འཚམས་པས་ན།།
སྙུག་ཟོར་མཚན་དེ་སྙུག་གྲིར་བསྒྱུར་ན་མཛེས།།

འདི་ནི་དུས་ཚོད་བརླག་པའི་ལོང་གཏམ་མིན།།
འདི་ནི་གཞན་ངག་བརྐུས་པའི་ཁ་སྒུམ་མིན།།
འདི་ཁྱོད་ཀྱི་རིག་པའི་གསང་གསེང་དུ།།
འདི་འདྲ་རིག་པའི་གཏམ་ལེན་སྒུག་སའོ།།
 
 
Re:སེམས་ལ་བཤད་པ།
[ 2012/7/11 21:54:24 | By: སྐུ་མགྲོན་p73Wn0(སྐུ་མགྲོན) ]
 
སྐུ་མགྲོན་p73Wn0(སྐུ་མགྲོན)ཀ་བའི་ཐ་སྙད་མི་ཡིས་བཟོས་བདེན་ཡང་།
ཀ་བའི་གཤིས་ལུགས་བློ་ཡིས་བཏགས་ཙམ་མིན།
ཀ་འཛིན་བློ་རྟོག་ཀ་བར་ལ་བརྟེན་པས།
ཀ་བ་དང་ཐོག་གྲུབ་པ་མཐོང་མིན་ནམ།

དང་པོ་ཡུལ་གྱི་སྟེང་ནས་མ་གྲུབ་ན།
བློས་བཏགས་ཙམ་ལས་བདེན་པར་མི་ཡོང་བ།
ཐོ་ཡོར་རང་གི་སྟེང་ནས་མི་མིན་པས།
མི་འཛིན་རྟོག་པས་བཏགས་ཀྱང་མི་མིན་ལྟར།


སྙུག་གུ་གཅོད་ལ་ཟོར་བའི་དབལ་མཁོ་ཕྱིར།
སྙུག་ཟོར་མིང་དོན་འབྲེལ་མེད་ཡིན་སྙམ་མེད།
འོན་ཀྱང་དྲ་གྲོགས་གཡུང་གིས་དཔྱད་པ་བཞིན།
མིང་དེ་རེ་ཞིག་བསྒྱུར་བ་ཅིས་མི་ཆོག

སྙུག་གྲི་ནས།
གཤམ་དུ་གངས་སྙུག་ལགས་ཀྱིས་ལན་སློག་པ་ནི་
ཀ་བའི་གཤིས་ལུགས་བློ་ཡིས་མ་བཏགས་ཞེས།།
བརྗོད་ཀྱིན་བརྗོད་ཀྱིན་ཀ་བའི་གཤིས་ལུགས་ལ།།
མནོ་བསམ་བློ་ཡིས་དཔྱད་པ་རྫོགས་མིན་འདི།།
ངག་སྡོམ་སྨྲ་བའི་ཁྲུང་ཁྲུང་འུར་བ་བཞིན།།


ཀ་འཛིན་རྟོག་པ་ཀ་བ་ལ་བརྟེན་པས།།
ཀ་བ་དང་ཐོག་གྲུབ་པ་འགྲེལ་འདོད་རུང་།།
གདུང་འདེགས་དོན་ནུས་ཀ་བར་འཇོག་མཁན་བློ།།
ཀ་བའི་རྗེས་སུ་གྲུབ་ཚུལ་ཇི་ལྟར་འགྲེལ།།

དང་པོའི་ཡུལ་ཞེས་བཤད་པའི་ཡུལ་དེ་ཉིད།།
གྲུབ་དང་མ་གྲུབ་ཚད་ཀྱིས་གང་གཞལ་བ།།
དོན་དུ་བློ་ངོར་གྲུབ་མིན་བལྟ་ཙམ་ལས།།
གཞན་དུ་གནས་ལུགས་བདེན་དཀྲོལ་སུ་ཡིས་ནུས།།

འདིར་སྣང་ཤེས་བྱའི་ཁམས་ཀྱི་སྣེ་ཁ་ཀུན།།
བྱེ་བྲག་བློ་ཡི་སྣང་ངོར་འཆར་ཚུལ་སྟེ།།
ཐོ་ཡོར་རང་སྟེང་མི་མིན་བློ་ཡིས་བཞགས།།
མི་རུ་འཛིན་མཁན་འཁྲུལ་བ་བློ་ཡིས་འདོད།།

ཀ་བ་ཞེས་པའི་ཐ་སྙེད་མ་བཏགས་གོང་།།
ཀ་བའི་གདག་གཞིག་ཙམ་འདོད་དགོས་རུང་།།
དེ་ཉིད་ཀ་བར་སྙམ་པ་འཁྲུལ་དུ་ཐལ།།
ཡིན་མིན་ཁྱོད་འཛིན་སྒྲ་རྟོག་བརྟེན་པས་སོ།།

སྟོད་སྨད་བར་གསུམ་ཡིག་རིས་སྒྱུ་རྩལ་མཁན།།
མཐོང་ཐོས་འབྲེལ་བ་གང་གི་ལག་ལེན་ཁྲོད།།
ཟོར་བས་སྙུག་གུ་བཟོ་ཚུལ་མ་མཐོང་རུང་།།
དྲ་གྲོགས་ཁྱེད་ལ་མཁོ་དེ་དམིགས་བསལ་ཞིག།






 
 
Re:སེམས་ལ་བཤད་པ།
[ 2012/7/13 1:19:27 | By: སྐུ་མགྲོན་GKBn1R(སྐུ་མགྲོན) ]
 
སྐུ་མགྲོན་GKBn1R(སྐུ་མགྲོན)མདོར་ན་བདག་གི་དོན་གྱི་དཔྱད་གཏམ་ནི།
ཡོད་ཚད་མཐའ་རུ་གཏུགས་ན་བདེན་གྲུབ་སྟེ།
བློ་ཡིས་མ་བཞག་དོན་གྱི་དམ་པར་ཐུག །
དེ་ལ་ཕྱོགས་གཞན་འཚོལ་སྙིང་ཞེས་ཀྱང་འབོད།

ཀ་འཛིན་ཀུན་སློང་ཀ་བའི་སྔོན་སྐྱེས་ཤིང་།
ཀ་འཛིན་བློ་རྟོག་ཀ་བའི་རྗེས་སྐྱེས་ཀྱང་།
དེ་གཉིས་སྔོན་དུ་གདུང་འདེགས་དངོས་པོ་སྟེ།
དོན་གྱི་ཀ་བ་ངོ་མ་གྲུབ་ཟིན་འདོད།

ཐ་སྙད་རྨོངས་པའི་རི་དྭགས་གཡང་དག་དང་།
ཐ་སྙད་མི་གཅིག་ནུབ་མི་ཡིན་ཡང་རུང་།
གདུངས་འདེགས་ནུས་པ་མིག་གི་མཐོང་བ་ནས།
ཀ་བ་མཐོང་པ་བསྙོན་མེད་མ་ཡིན་ནམ།

ཚུལ་འདིས་ཀ་བ་བདེན་གྲུབ་སྒྲུབ་མིན་ནམ།
ཚུལ་འདིས་འཚོ་བའི་སྙིང་པོ་སྟོན་མིན་ནམ།
དེ་མིན་བློས་བཞག་ཙམ་ལ་ཡིད་ཆེས་ན།
དྲན་ཚད་ཐམས་ཅད་ཡུལ་སྟེང་གྲུབ་པར་འགྱུར།

ཁོག་སྟོང་སྙུག་མའི་སྡོང་པོ་འཐུ་བ་ལ།
རྣོ་འབར་རེག་ཆོད་ཟོར་ར་དགོས་མིན་དེ།
ནགས་ཚལ་ལྗོན་པའི་གསེང་ལ་གཞིས་འཆའ་བའི །
བོད་མི་རྒན་པ་ཞིག་ལ་ཞིབས་འདྲི་མཛོད།

སྙུག་ཐུན་ནས།





 
 
Re:སེམས་ལ་བཤད་པ།
[ 2012/8/8 19:24:02 | By: yong(སྐུ་མགྲོན) ]
 
yong(སྐུ་མགྲོན)ཧཧཧཧཧ
 
 
Re:སེམས་ལ་བཤད་པ།
[ 2012/8/8 19:33:55 | By: yong(སྐུ་མགྲོན) ]
 
yong(སྐུ་མགྲོན)མཇེ་མགོ་ལྕགས་ལས་སྲ་བའི་སྙུག་ཟོར་ལགས།།
ཡོད་ཚད་རང་གྲུབ་ཞེས་གཏམ་བདེན་ན།།
ཁྱོད་རང་ལུས་དེ་ཕ་ཡིས་མ་བྱས་སམ།།
ཁྱོད་རང་མ་དེ་ཀུན་གྱི་མ་ཡིན་ནམ།།
ཁྱོད་རང་ངོས་ནས་ཁྱོད་རང་གྲུབ་པས་སོ།།
བརྡར་རྡོ་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.