ང་ཡི་ཡིད་སེམས་ཁྱོད་ལ་ལྷུང་།
རེས་གཟའ་དྲུག་པའི་ངལ་གསོའི་ཉིན།།
མདོ་སྟོད་ཁམས་ཀྱི་ཁྱད་ཆོས་ཅན།།
བོད་ཟས་ཁང་ཆེན་ཐད་དུ་བཤར།།
དྲི་མེད་ཤེལ་དཀར་ལྡིང་ཆ་རུ།།
ངལ་གསོའི་དབུགས་རིང་ཕྱུང་དང་ལྷན།།
གྲོགས་པོ་ཞིག་དང་ཁ་སྤྲོད་བསྡད།།
ལག་ན་ཚལ་ཐོ་ཁྱེར་བ་ཡི།།
འཁྲིས་ན་བཞེངས་པའི་ཞབས་ཞུ་མ།།
ཁྱོད་ནི་ལྷ་ཡི་སྲས་མོའམ།།
ཡང་ན་ཀླུ་ཡི་ཚ་མོ་ཡིན།།
དེ་འདྲའི་མཚར་ཞིང་མཛེས་པ་ལ།།
དེ་འདྲའི་ཞི་ཞིང་དུལ་བ་ལ།།
དཀར་གསལ་ཟླ་བའི་བཞིན་མདངས་ལས།།
འཛུམ་ཟེར་ཡ་རབས་གཤིས་རྒྱུད་མངོན།།
གསལ་དག་ཁམས་དབུས་སྐད་ངག་དེ།།
སྨྲ་བའི་ཚེ་ན་དེ་བས་མཛེས།།
རང་སྣང་རི་ཡི་མགུལ་པ་ནས།།
ང་ཡི་ཡིད་སེམས་ཁྱོད་ལ་ལྷུང་།།
དར་སྲོལ་ཤིག་གི་སྟོད་གོས་ལས།།
དཔུང་པ་གཉིས་དེ་ཆ་ཙམ་མངོན།།
དཔེ་གསར་དོར་མའི་གསང་གོང་ནས།།
ལྡེམ་ལྡེམ་སྐེད་པའི་རང་བཞིན་བཅས།།
ལྷ་མོ་ཞིག་དང་འདྲ་བ་དེ།།
ཡིད་སེམས་འཕྲོག་པའི་ཇག་གཙོ་མ།།
ཕར་འགྲོ་དེ་ནི་ཁྱུགས་སེ་ཁྱུག།
ཚུར་ཡོང་དེ་ནི་ལྡེམས་སེ་ལྡེམ།།
འཛུམ་ཆུང་དེ་ནི་མུ་ལུ་ལུ།།
དབུ་སྐྲ་ཉལ་མ་ཉིལ་དུ་འཕྱང་།།
དཀྱུས་རིང་སྨིན་མའི་འོག་རོལ་ནས།།
ཁྲ་ཆུང་མིག་གཉིས་དཀྱོགས་སེ་དཀྱོག།
གཤིས་བཟང་རང་བཞིན་འཇམ་པོ་དེས།།
ལས་རོགས་བརྒྱ་ལ་སྤྲོ་བ་སྟེར།།
བཞིན་བཟང་དགའ་སྤྲོའི་རྣམ་པ་དེས།།
སྐུ་མགྲོན་སྟོང་ལ་ངལ་གསོ་སྦྱིན།།
ང་ཡི་སྙིང་གི་སྲུབ་ཀ་རུ།།
ཁྱོད་བཙན་གྱིས་འཛུལ་བ་འདྲ།།
ཁྱོད་ཀྱི་རྣམ་པ་མཚར་པོ་དེ།།
ང་ལ་མ་བསྟན་གོང་རོལ་ན།།
རང་སེམས་རང་ལ་དབང་ནས་ཡོད།།
ང་ཡི་ལྷད་མེད་དུང་སེམས་དེ།།
བུ་མོ་ཁྱོད་ཀྱིས་བརྐུས་ཏེ་་སོང་།།
ཐུགས་བསམ་བཞེས་ཀྱི་བཞེས་ཀྱི་གནང་།།
ཁྱོད་ཀྱི་ཟུར་མིག་འཁྱོག་མདའ་དེ།།
ང་ལ་མ་འཕང་སྔ་རོལ་ན།།
རང་དབང་རང་ལ་ཡོད་པ་ཡིན།།
འགྱུར་མེད་དམ་བཅའ་བཙན་པོ་དེ།།
བུ་མོ་ཁྱོད་ལ་བཞག་ནས་ཡོད།།
སྙིང་གཏམ་གསུང་གི་གསུང་གི་ཤོག།
ཁྱོད་ཀྱི་ཞི་འཇམ་གཤིས་བཟང་དེ།
ང་ལ་མ་ངོམ་པ་ཡི་གོང་།།
རང་ཚུགས་རང་གིས་ཟིན་ནས་ཡོད།།
ང་ཡི་ལུས་སེམས་ཡོད་ཚད་དེ།།
བུ་མོ་ཁྱོད་ལ་བསྲིང་ནས་ཡོད།།
དང་ལེན་གནང་གི་གནང་གི་གྱིས།།
༢༠༡༢.༦.༩ཉིན་ཆབ་མདོར་བྲིས།།