གྲོགས་ལོ་རྒྱང་ལ་སྤུར་རྗེས།
དབྱར་ཚེས་འགོ་མོ་ཞིག་ལ།། ལུས་སེམས་གཅིག་ཏུ་འདྲེས་པའི།།
མཛེས་ལྡན་ཡིད་འཕྲོག་ལྷ་མོ།། སྟོན་གྱི་མཇུག་མ་ཡོལ་དུས།།
ཁྲེལ་མེད་ལས་དབང་བཙན་པོས།། ཐག་རིང་རྒྱང་ལ་སྤུར་ཐལ།།
རང་སེམས་འཐད་པའི་བུ་མོ།། ཚེ་གཅིག་འགྲོག་རྒྱུའི་རེ་བ།།
གཞན་དབང་བཙན་པོས་ཁྱེར་ཏེ།། མིང་མེད་ཡལ་བའི་ཤུལ་ནས།།
ཟླ་བའི་ལྷ་མོ་ཞིག་ལ།། ཞག་གསུམ་འགྲུས་འདོད་མ་བྱུང་།།
འཛུམ་ཞལ་ཟླ་བའི་ལང་ཚོས།། བརྩེ་འདང་ཡིད་སེམས་བརྐུས་ནས།།
ཨ་ཇོ་ཨ་ཇོ་ཟེར་བཞིན།། ནུབ་རིའི་ཕྲག་ལ་ཡལ་ཚེ།།
ལྷ་དབང་སྲས་མོའི་བཞིན་ལ།། ཡུད་ཅིག་བལྟ་འདོད་མ་བྱུང་།།
ཁྱོད་ཀྱིས་བཤད་པའི་སྙིང་གཏམ།། མི་ལོ་ལྔ་ཡི་རྗེས་སུ།།
བརྗེད་མེད་སེམས་ལ་འཁྲིལ་ནས།། ལྷང་ལྷང་ཡིད་ལ་འཁོར་བས།།
ཚངས་སྲས་བུ་མོའི་གསུང་ལ།། སྙན་རྒྱུ་ཟེར་བ་མ་བྱུང་།།
ལྷད་མེད་བརྩེ་བའི་མདུད་རྒྱས།། ལྷན་འཛོམ་དུས་བཟང་དེ་ལ།།
ཞིམ་མངར་འཚོ་བའི་དགྱེས་སྟོན།། ལོངས་སྤྱོད་ནམ་དུས་ཡལ་བས།།
རྒྱལ་ཟས་ལེའུ་བཅོ་བརྒྱད།། བྲོ་བ་མྱོང་འདོད་མ་བྱུང་།།
༢༠༡༢ལོའི་ཟླ་༥ཚེས་༢༦ཉིན་ཆབ་མདོར།