དད་སེམས་ཀྱིས་དཀྲོལ་བའི་རྔ་དབྱངས།
༡
སྐ༵ལ་བཟ༵ང་སྟོང་གི་ཐུགས་བཅུད་གཅིག་བསྡུས་པའི། །
རྟེན་བཟང་མི་ཡི་གཟུགས་སུ་སྤྲུལ་པའི་ལྷ། །
གཡུ༵ང་དྲུ༵ང་བསྟན་པའི་གཙུག་ཏུ་མངོན་འཕགས་པའི། །
རྗེ་ཅིག་རྒྱལ་བའི་སྲས་མཆོག་བསྟན་འགྲོའི་མགོན། །
༢
མཚན་དཔེའི་རྒྱན་བཟང་མཛེས་པའི་སྐུ་མངའ་ཞིང་། །
ལེགས་བཤད་སྒྲ་བརྒྱ་དཀྲོལ་ལ་གསུང་ལྡན་པའི། །
ཤེས་བྱ་ཀུན་མཁྱེན་ཞུ་ཡི་སྟོན་པ་མཆོག །
དུས་གསུམ་འབྲལ་མེད་སྤྱི་བོའི་གཙུག་ཏུ་མཐོ། །
༣
སྡེ་བཞིའི་སྨན་ལྗོངས་བསིལ་མོ་ལྗོངས་ཆེན་དུ། །
སྒང་དྲུག་འཛིན་མ་བརྡལ་བའི་རི་སུལ་ཏེ། །
གསེར་ལུང་ཕྱུགས་མོའི་སྙན་པ་འཕྱང་བའི་ཆར། །
འདི་ན་མཆོག་ཉིད་མཚན་དཔེའི་མེ་ཏོག་འཛུམ། །
༤
འགྲོ་བའི་བསོད་ནམས་འོ་མའི་འཛུམ་རླབས་ལས། །
འཁྲུངས་པའི་སྐུ་མཆོག་སྟོན་མཚན་ཟླ་བ་བཞིན། །
མི་ཡི་གཟུགས་སུ་སྤྲུལ་པའི་གར་བསྒྱུར་མཛད། །
རྒྱལ་བའི་སྲས་ཞེས་བསྔགས་པའི་མེ་ཏོག་འཐོལ། །
༥
སྨོན་འཇུག་ཐུགས་བསྐྱེད་བརྩོན་པའི་གཤིས་ཉིད་ལས། །
ཡང་ཟབ་གདུལ་བྱ་དྲུག་གི་ལྷ་སྐལ་དུ། །
སྙིང་རྗེའི་ཉི་གཞོན་འཛུམ་དཀར་སྟོན་པའི་དབང་། །
རྗེ་ཅིག་ས་ཆེན་གངས་རིའི་མགོན་དུ་མཐོ། །
༦
གདུལ་བྱའི་བསོད་ནམས་ཉི་མའི་འོད་ཀྱི་ཟེར། །
དུས་ཀྱིས་ཐེངས་གཅིག་ནུབ་རིར་བཞུད་པ་ལ། །
རྒྱལ་གཤེན་བསྟན་པའི་དྲོད་ཆེན་མ་ཡལ་པ། །
སྤེལ་བའི་དད་དཔོན་ས་གསུམ་རྒྱན་དུ་མཐོ། །
༧
མཚམས་སྤྲིན་འོད་ཀྱིས་མཛེས་པའི་མཁའ་དབྱིངས་ནས། །
དྲི་བྲལ་སྟོན་མཚན་ཟླ་བ་འཛུམ་པ་བཞིན། །
རྨད་བྱུང་རབ་ཏུ་བྱུང་བའི་མཛད་པ་ཡང་། །
རྟེན་བཟང་གླིང་ཆེན་གཉིས་ཀྱི་དབུས་ནས་འཕགས། །
༨
རྒྱུ་འབྲས་ཟུང་གི་ཚོགས་ཆེན་རྫོགས་པ་ལས། །
མ་རིག་སྒྲིབ་གཉིས་ཕུང་པོ་ཡོངས་བསལ་ཏེ། །
མཁྱེན་རབ་ཡེ་ཤེས་སྟོང་གི་དཔལ་མངའ་བས། །
རྒྱལ་ཀུན་ངོ་བོ་གཅིག་ཏུ་འདུས་ཞེས་བསྔགས། །
༩
ཡུལ་མཆོག་རྣམ་གསུམ་སྐྱབས་སུ་མཐོ་བའི་ཞིང་། །
གངས་ཀྱི་རྒྱན་བཟང་ངོམ་པའི་སྒང་དྲུག་ན། །
སྨིན་གྲོལ་མཛད་པ་སྟོན་ལ་མཁས་པའི་ཕུལ། །
འདྲེན་མཆོག་སྐྱེ་དགུ་ཡོངས་ཀྱི་རྩ་བའི་ལྷ། །
༡༠
ཉིན་གཅིག་དུས་ཀྱི་མཇུག་མཐའ་མ་རྫོགས་བར། །
གདུལ་བྱ་བྱེ་བའི་གྲངས་ཀྱི་མགོན་སྐལ་དུ། །
གང་འདུལ་མཛད་པའི་འཕྲིན་ལས་གེགས་མེད་པར། །
སོ་བརྒྱད་མཁན་པའི་ཁྲི་ལ་བཞུགས་ཤིག་ཀྱེ། །
༡༡
ཉིད་ཀྱི་གསང་གསུམ་ཆེ་བའི་ཡོན་ཏན་ཀུན། །
དད་མོས་ཡིད་ཀྱི་འཕར་རྩ་གཡོ་བཞིན་དུ། །
གཙང་འོད་མཛེས་པས་བསྔགས་པའི་རོལ་མོ་འབུམ། །
དེང་འདིར་སོར་བཅུས་འདི་ན་དཀྲོལ་ཡོད་དོ།
- ཟིན་ཐོ་གོང་མ།སྙན་ངག་ལུས་སྲོག་རྒྱན་གསུམ་ལས་བྱུང་བའི་གཏམ།
- ཟིན་ཐོ་འོག་མ།རས་པའི་སྒྱུ་རྩལ་སྐོར་གྱི་གཏམ་གླེང་། ༼ ༢ ༽