མདུན་ཤོག རྒྱབ་ཤོག
དགའ་སེམས་ཀྱི་གླེང་མོལ།
༧ རྒན་ཁྱུང་སྨྱུག་མཛེས་ཀྱི་སྙན་དེབ་མཚམས་སྤྲིན་འོག་གི་སྨྱུག་འགྲོས་ལ་གླེང་བ།
དེ་ཡང་སྙན་ངག་རིག་པ་ནི་རིག་པའི་གནས་ཆེན་པོ་ལྔ་ཡི་ཡ་རྒྱལ་དུ་གྱུར་པ་སྒྲ་
རིག་པའི་ཁོངས་སུ་གཏོགས་ལ་དེ་ལྟ་བུའི་སྙན་ངག་ནི་རིམ་བཞིན་གོང་འཕེལ་
སོང་བ་དང་བསྟུན་ནས་སྙན་ངག་གི་གཞུང་རྣམས་འཛམ་བུ་གླིང་གི་ཡུལ་གྲུ་གང་
སར་དར་ཁྱབ་སོང་སྟེ་ལོ་ངོ་སྟོང་ཕྲག་དུ་མ་ཞིག་འདས་ཟིན་ནས་སྤྱི་བརྩིས་ཀྱི་དུས་
རབས་ཉེར་གཅིག་པའི་མཚམས་འདིར་སླེབས་དུས།མེས་པོ་གོང་མས་ཤུལ་བཞགས་
ཀྱི་རིག་གནས་ཏེ་སྙན་ངག་ལ་དགའ་ཞིང་། སྙན་ངག་པ། བྲིས་པ། མཚན་ཉིད་པ།
སོགས་ཀྱི་རྣམ་ཐར་བསྐྱོངས་བའི་ན་གཞོན་སྨྱུག་འཛིན་པ་ཞིག་གིས་རིགས་གཅིག་
སྤུན་ཟླར་ཕུལ་བའི་ལེགས་སྐྱེས་ཀྱིས་མཚོན་པའི་སྙན་ངག་ཞིག་སྟེ། སྲོལ་རྒྱུན་ངག་
གི་མ་མ། ཀ་རྩོམ་གངས་རིའི་ལང་ཚོ། རང་མོས་དུས་ཀྱི་མངར་ཁ་སོགས་སྡེ་ཚན་
གསུམ་མམ་རྩོམ་སྣ་བརྒྱ་དང་བཅུ་ཕྲག་གྲངས་མང་ལས་གྲུབ་པའི་ངག་རིག་གསར་
པའི་སྦྲམ་བུ་སྟེ་མཚམས་སྤྲིན་འོག་གི་སྨྱུག་འགྲོས། དེ་ནི་རྩོམ་པ་པོ་རང་ཉིད་མི་ཚེ་
དོན་གྱིས་ཕྱུག་པའི་གྲྭ་རྐྱང་ཞིག་ཡིན་པའི་ཆ་ནས་རྩོམ་ཡིག་དེ་རྣམས་ཀྱང་ནང་
ཆོས་ཀྱི་དྲི་བཟང་འཐུལ་བཞིན་ཡོད་ལ། ད་དུང་།
ཕྱི་ཚུལ་ཞི་དུལ་མཚོན་པའི་ཆོས་གོས་འོག་ནས།།
ནང་ཁྲིམས་དོན་གྱི་སློབ་པ་སད་རུལ་གྱུར་ཡང་།།
ཆེས་མཐོ་ཆོས་ཀྱི་ཁྲི་ལ་དྲེགས་པས་འགྱིང་བཞིན།།
རྒྱ་སོགས་རུལ་དཔོན་བྱེད་པའི་བླ་ཆེན་མང་ལུགས།།
ཐ་སྙད་ཤེས་བྱར་ཆུབ་པའི་སྐྱབས་པ་མགོན་པོས།།
རང་བསྟན་ཆོས་ཀྱི་ལ་རྒྱའི་ཞེན་ཕྱོགས་ཤིག་ལ།།
ཞྭ་དཀར་མདོ་རྒྱུད་དག་ལས་མངོན་གསལ་མིན་པའི།།
བརྡོལ་འཁྱལ་བོན་གསར་གཏོད་དགོས་ཐུགས་ཁག་མི་འདུག །
ཞེས་པ་ལྟ་བུ་དེང་དུས་ཚུལ་མཆོས་པ་རེ་འགས་བསྐྱོངས་བའི་མཛད་པ་དེ་དག་ལ་མི་
འདོད་པའི་རྣམ་འགྱུར་ཤུག་ལ་སྟོན་པ་དང་།
གཞུང་མང་མགོ་མཐོང་དུམ་བུས་ངེས་འབྱུང་ཞིག།
དམར་སེར་རྒྱན་གོས་གཙང་མ་མཛེས་སྣང་ཞིག །
ཤེས་རིག་མེ་ཏོག་གླིང་ལ་དགའ་ཚུལ་ཞིག །
འཚོ་བའི་ཁ་ཕྱོགས་འདོམ་པའི་བཙུན་ཆུང་ཡིན།
ཞེས་པ་ལྟ་བུ་རང་ཉིད་ངེས་འབྱུང་ཞིག་གིས་གཞུང་ཆེན་དུ་མར་ཐོས་བསམ་གྱི་བྲོ་
བ་མྱོང་བཞིན་འཚོ་བའི་ཁ་ཕྱོགས་ལྔ་རིག་གི་གནས་ལ་འདེམ་པའི་དྭངས་གཙང་
གི་གཤིས་ཀ་ཅན་ཞིག་ཡིན་པར་མཚོན་གྱི་འདུག་ལ་དེའི་མ་ཚད་ཁོང་གི་བསམ་
གཞིགས་ལས་གྲུབ་པའི་རྩོམ་ཡིག་འདི་དག་ནི་མངོན་བརྗོད་དང་བརྡ་བརྙིང་
སོགས་ཀྱིས་མ་བརྒྱན་པས་ཀློག་པ་པོ་ཞིག་གིས་ངོས་བཤད་ན་གོ་སླ་བའི་ཁྱད་ཆོས་
དུ་མར་ལྡན་ཞིང་བརྗོད་བྱ་ཟབ་པའི་ཚིག་སྦྱོར་ཤ་སྟག་ཞིག་ཏུ་ངེས།
དེ་ལྟར་སྨྲས་པའི་འཇུག་ཏུ་ཁོང་དང་ཁོང་གི་སྙན་དེབ་འདིའི་ཀློག་པ་ཡོངས་ཀྱི་
བསམ་དོན་གེགས་མེད་དང་མཛད་འཕྲིན་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ།
༢༠༡༡ ༩ ༡༢ ཉིན་གོང་གི་སློབ་འབངས་རྣམས་ཀྱི་གྲལ་དུ་ཚུད་པ་གཙང་ཚ་ གཡུང་དྲུང་གཙུག་ཕུད་ཀྱིས།
- ཟིན་ཐོ་གོང་མ།ནོར་བུ་འོད་འབར་ཞུ་ལན་དང་འབྲེལ་བའི་གཏམ།
- ཟིན་ཐོ་འོག་མ།སྙིང་གཏམ།