གསོན་མིག་དབྱར་རྩྭ་ལ་གཏད།
ཟ་ཁ་ལུང་ཆེན་ཕུགས་སུ་ཧར་གྱིས་གདངས།།
གཡས་ལག་འཇོར་ཆུང་བྱི་མགོ་ཀླད་ནས་ཕྱར།།
གཡོན་ལག་འཛུབ་ཆུང་སྦར་མོ་ཐད་དུ་རྐྱོང་།།
སྒོ་གསུམ་རླུང་གིས་གཤོཊ་འགྱུར་རྒྱག་བཞིན་ལྡིང་།།
སྟོང་གསུམ་ཁ་ལོ་བསྒྱུར་ལ་རེ་བཅོལ་ཆེ།།
སྲིད་གསུམ་བྱེད་པོས་སྩོལ་བའི་འདུ་ཤེས་རྒོད།།
ཁམས་གསུམ་གཡོག་མགོ་བསྐོར་བའི་འཆར་གཞི་བཙན།།
ས་འོག་དབྱར་རྩྭ་དེ་ལ་མཆོང་ལྡིང་བྱས།།
མ་རྩ་མེད་པའི་དྲེག་པ་དབྱར་རྩྭས་བརྒྱན།།
གཞི་རྩ་མེད་པའི་རྐང་པ་དབྱར་རྩྭས་བཏེཊ།།
འདོམ་རྩ་མི་ཐུམ་གོས་ལག་དབྱར་རྩྭས་བཟོས།།
འབུ་རོ་དབྱར་རྩྭ་དེ་ཡིས་ཡོད་ཚད་བཀུག།
རྒྱ་གྲོང་ཁང་ནས་ཡོད་ཚད་སྐྱིན་གཡར་ལེན།།
རྒྱལ་རི་ལྷུན་པོ་སང་ལོའི་གཏའ་མ་བཞག།
རྒྱ་མོའི་འཕང་ཤ་གསོ་བའི་སྦྱིན་གཏོང་ཆེད།།
རྒྱང་མིག་ཧྲིག་གེར་བསྒྲད་བཞིན་དབྱིངས་ནས་ལྡིང་།།
ཞག་གསུམ་རྫོང་ཀྲམ་རྒད་པོས་ཅི་ཟོས་ལབ།།
དགོང་གསུམ་སྒོ་དམར་རྒད་མོས་ཅི་ཟེར་སྤྲད།།
ཟླ་གསུམ་ལྟོ་ཆུང་འགྲངས་ཟས་སྤྱོད་མི་ཤེས།།
ཆོལ་གསུམ་དབྱར་རྩྭའི་བུ་ལ་ཡི་ཐང་ཆད།།
མགོ་ཡི་སྐྲ་ལ་སྟབས་བདེའི་ཕོར་ཐུག་སྦང་།།
ལྕཊ་ཀྱི་རྟ་ལ་འགྱ་འགྱུར་སྒྲོ་གཤོཊ་གཏོད།།
བཏུང་བྱ་ལྕོག་ཙེའི་དཀྱུས་སུ་བཏུང་ཕྱེད་བཞག། ཕོར་ཐུག་ཕོ་གསར་ཁྱོད་ལ་བལྟ་འདོད་བྲལ།།
ཁྲི་ཆེན་བླ་མ་དབྱར་རྩྭའི་རྐུབ་གཡོག་གྱུར།།
མཐོ་ཆེན་དཔོན་པོ་དབྱར་རྩྭའི་སྒོ་བསྲུང་བབ།།
མགོ་ཟླུམ་ཕལ་ཆེར་དབྱར་རྩྭའི་ཕོ་ཉ་ཤོར།།
དིང་གི་ཐོབ་ཐང་ཆེ་བ་དབྱར་རྩྭའི་འབུ།།
རྐུབ་ཀྱི་འཕང་ཤ་ས་འོག་འབུ་རོས་ངོམ།།
བྲང་ཁའི་ནུ་གུར་ས་འོག་འབུ་རོས་ཕུབ།།
མཁུར་མའི་ཐལ་སྐྱ་ས་འོག་འབུ་རོས་བྱུག།
ཡོད་ཚད་ཐམས་ཅད་ས་འོག་འབུ་རོས་བསྒུལ།།
ལོང་བ་རྐང་མེད་འབུ་ཡི་ཆེད་དུ་ནུད།།
འོན་པ་སྣ་རལ་འབུ་ཡི་ཆེད་དུ་ཉན།།
སོ་མེད་རྒད་མོ་འབུ་ཡི་ཆེད་དུ་འགུལ།།
རྐང་མེད་རྒད་པོ་འབུ་ཡི་ཆེད་དུ་བཞེངས།།
༢༠༡༤-༦-༡༦-ཉིན་ཁྱུང་བསོད་བློ་ནས།