ང་ལ་བདག་གིས་སྨད་ནས་བསྟོད།
སྨད།
ལྟ་བ་ངན་པའི་རྟོག་པ་མ་སད་ལ།།
སྤྱོད་པ་རྩིང་པོའི་ལོག་སྤྱོད་མ་སྤེལ་ཡང་།།
སྒོམ་ཚུགས་མ་ཟིན་རྟོག་གེ་མགོ་འཁྲེགས་ངས།།
རང་རྒྱུད་གྱོང་པོ་ཐུལ་བའི་གོ་སྐབས་ཕྲ།།
ཡོད་ཚད་ལྷ་ལ་ཡིད་ཆེས་ངས་མ་བྱེད།།
མི་ཚེའི་ཡིད་གཟུཊ་ཐ་སྙད་ཚིག་ལ་འཁོར།།
ཀུན་རྫོབ་རུས་ཕུང་དཔྱོད་པའི་རྟོག་གེ་ངས།།
དོན་དམ་རྒྱལ་པོ་མཇལ་བའི་གོ་སྐབས་ཕྲ།།
འགྲོ་དྲུག་འདྲེན་པའི་དཔོན་གསས་མ་ཡིན་ཡང་།།
ཟེར་ཚད་གཏམ་ལ་གདེང་འཇོག་ངས་མ་བྱེད།།
དཔྱད་གསུམ་ཚད་མའི་སྲང་དུ་མ་གྲུབ་ན།།
རེ་བའི་ལྷ་ལ་ཡིད་བཅོལ་སུ་ཡིས་བྱེད།།
བསྟོད།
ཙོག་གེར་ཚུགས་པའི་སྒོམ་ཆེན་མ་ཡིན་ལ།།
ཧྲིག་གེར་བལྟ་བའི་ཏིང་འཛིན་མ་ལྡན་ཡང་།།
རྩ་བཞིའི་ཁྲིམས་ལ་ཕམ་པ་མ་ཕོག་པའི།།
ཚུལ་ཁྲིམས་རྒྱལ་ས་ཟིན་པའི་བཙུན་ཆུང་ངེས།།
རྣམ་ཤེས་བཅོལ་སའི་ལམ་སྟོན་མ་ཡིན་ལ།།
བདེན་རྫུན་འབྱེད་པའི་དེད་དཔོན་མ་ཡིན་ཡང་།།
རྟེན་བཟང་ལང་ཚོ་གསར་བཞད་མེ་ཏོག་གི།
ཡལ་ག་ཡན་ལག་ཚང་བའི་ཁྱུང་ཕྲུག་ཡིན།།
སྲིད་པ་ཚང་ལ་ཇུས་བཀོད་མ་བྱས་ལ།།
ཞི་བ་ཚང་ལ་རེ་ལྟོས་བཅོལ་ཆེ་བས།།
ཐོས་བསམ་དགའ་ཚལ་བཞད་པའི་མ་ཡུམ་གྱི།།
ཀུན་བཟང་བཅུད་ལ་དགའ་བའི་རྐང་དྲུག་ཡིན།།
བཟང་ངན་མེད་པའི་ཀུན་བཟང་ང་ཡིས་སྒོམ།།
མདུན་རྒྱབ་མེད་པའི་ལྷ་ཞལ་ང་ཡིས་མཇལ།།
སྟེང་འོག་མེད་པའི་སྟོང་ཉིད་སྒོམ་རྒྱུ་དེ།།
དགེ་བྱེད་དཀྱུས་མ་ཞིག་གི་སྒེར་ཚུཊ་འཆང་།།
འདོད་ཡོན་ལྷག་མའི་གསོག་ཟས་ང་ལ་མེད།།
མདུན་ལམ་འཚོ་བའི་གོ་སྒྲིག་ང་ལ་མེད།།
དྲིན་ཅན་མ་ཡུམ་འཚོ་བའི་སྒྲིག་ཟས་དེ།།
དལ་འབྱོར་ལུས་ཟུང་སྐྱོང་བའི་མ་མ་ཡིན།།
༢༠༡༤-༣-༢༡-ཁྱུང་བསོད་བློ་ནས།