ཁྲེལ་མེད་དེ་མང་དྲགས།
གོང་མའི་ལྷ་ལ་གུས་གུས་མ་མྱོང་།།
བར་མའི་རྒན་ལ་གུས་བཀུར་མི་ཤེས།།
འོག་མའི་རོགས་ལ་མཐུན་སྒྲིལ་མེད་པའི།།
ང་བོས་ཁེངས་པའི་སློབ་ཕྲུག་མང་དྲགས།།
བལྟ་བའི་ལྟད་མོ་མི་གཙང་ཟློས་གར།།
ཁ་བཤད་གཏམ་ཡོད་ཆགས་སྲེད་ཕུང་པོ།།
གོམ་སྟབས་སྤྱོད་པ་མགོ་དམར་འདྲ་བའི།།
ངོ་ཚ་ཁྲེལ་མེད་ན་གཞོན་མང་དྲགས།།
ཁུག་སོ་ཞིག་ཏུ་ཁུངས་ལུང་མེད་པར།།
ཧམ་ཚོད་གཏམ་གྱི་བགྲོ་གླེང་དུ་མ།།
མངོན་སུམ་རྫུན་གྱིས་མི་མགོ་རྐོ་གཡོག།
ཚོད་དཔག་ཅན་གྱི་ཞིབ་དཔྱོད་མང་དྲགས།།
ལྟག་སྒོ་བྲག་གི་རྔམ་ཁ་ཡོད་ན།།
ཕན་ཚུན་ནག་ཉེས་བཤད་དབང་མེད་པར།།
རྒྱུ་འབྲས་བསླུ་མེད་རྡོག་བརྫིས་བཏང་བའི།།
ངོ་ཚ་ཁྲེལ་མེད་བོད་མི་མང་དྲགས།།
ལྐོག་ཟས་ནག་པོ་ཟ་ལམ་བྱང་སྟེ།།
དལ་འབྱོར་གསེར་ཕུང་རླུང་ལ་བསྐུར་ནས།།
ཕར་ཀའི་བདེན་གཏམ་ཁུང་དུ་མ་བཅོལ།།
ཡོ་ཕྱོགས་མཁས་པའི་ཁྲིམས་གཅོད་མང་དྲགས།།
ངོ་དབྱིབས་གོས་ཟས་གོམ་སྟབས་ཞན་ན།།
ཁྲག་རྩ་གཅིག་པའི་སྤུན་ཟླ་ཡིན་ཡང་།།
ངོས་སུ་འཕྲད་དུས་ཉེ་ཕྱོགས་མིན་མདོག།
ཨ་མྱེ་གཅིག་པའི་སྤུན་ཟླ་མང་དྲགས།།
རྒྱུ་དང་གོ་སའི་བདག་པོ་མཐོང་དུས།།
རིཊ་རུས་གཅིག་མདོག་ཁུངས་མེད་ལྷུ་བསྒྲིག།
ཨེར་ནད་ཡོད་ཀྱང་འཛེམས་དོགས་མེད་པའི།།
མཐོ་དད་ཆེ་བའི་མི་བུ་མང་དྲགས།།
ནག་ཉེས་སྐྱོན་ཕུང་བསློག་འདོད་མེད་ཀྱང་།།
མཐུན་རྐྱེན་ཚོགས་པའི་ཉེར་གཅིག་དུས་འདིར།།
ཚོད་མེད་ནག་ཉེས་བསགས་པའི་དགོས་ཆུང་།།
རན་ཚོད་བཟུང་བའི་རེ་བ་ཙམ་ཡིན།།
༢༠༡༤-༢-༡༥-ཁྱུང་བསོད་བློ།