སྐལ་བཟང་སངས་རྒྱས་སྟོང་ཕྲེང་ལས།། སྐུ་མཆོག་ཐོད་དཀར་སྲས་པོ་བྱོན།།
བོན་གཤེན་བསྟན་པའི་སྒྲོན་མེ་ཆེ།།
གཡུང་དྲུང་བསྟན་པའི་གཙུག་རྒྱན་བསྟོད།།
ཉམ་ཐག་ཉོན་མོངས་འདུལ་ཆེད་དུ།།
བོན་སྒོ་བརྒྱད་ཁྲི་བཞི་སྟོང་དབབ།།
གདུལ་བྱའི་དབང་པོ་ལ་བསྟུན་ནས།།
ཕ་ནོར་ཐེག་པ་རིམ་དགུ་བཀྲམ།།
ཁ་རག་དུག་ལྔ་སྤང་ཕྱིར་དུ།།
ཕ་མཁར་སྒོ་བཞི་མཛོད་ལྔ་བརྩེགས།།
རྩ་བའི་མ་རིག་དུག་གསུམ་ལྟོས།།
གཉེན་པོ་ཕྱི་ནང་གསང་གསུམ་གཞག།
མི་མཐུན་གཙང་སེལ་བཟོ་ཐབས་དང་།།
རྣམ་རྟོག་གདོན་བློ་སྣ་སེལ་ཆེད།།
ཡོན་བདག་འབྱོར་བ་རབ་འབྲིང་མཐུན།།
གཏོ་ཐབས་ཀླུ་གཟུངས་མདོ་འབུམ་གསུང་།།
རྫོགས་ཆེན་རྟོགས་ལྡན་རྣལ་འབྱོར་བ།།
རྫོགས་པ་ཀུན་མཆོག་ཀུན་བཟང་ངམ།།
རྫོགས་པ་ཆེན་པོའི་གྲལ་བསྙེགས་ཐབས།།
རྫོགས་ཆེན་ཐེག་པའི་བོན་སྡེ་དཀྲོལ།།
སྣང་བ་མི་བདེན་སྒྱུ་མའི་གཟུགས།།
དཀར་དམར་མི་བདེན་འཇའ་ཚོན་གཟུགས།།
ཐམས་ཅད་བདེན་འཛིན་ལྡོག་པའི་ཆེད།།
བདེན་མེད་སྤྲོས་མེད་ལྟ་བ་བསྟན།།
འདི་ཕྱིའི་ཐུན་མིན་ལམ་སྟོན་ཆེ།།
རྒྱལ་གཤེན་བོན་གྱི་མེས་པོ་ཆེ།།
རྒྱལ་གསུང་བཀའ་འཁོར་གཏིང་ཟབ་ཆེ།།
རྒྱལ་གཤེན་རྗེས་འཇུག་མཛད་འཕྲིན་ཆེ།།
འགྲོ་ལ་བཀའ་དྲིན་ཆེ་བའི་ཡབ།།
ཕན་སེམས་བརྩེ་བརྒྱའི་མངའ་བདག་ཡུམ།།
གྲུབ་རྒྱལ་གཡུང་དྲུང་བོན་གྱི་མཛོད།།
བུ་སློབ་བོན་ཕྲུག་བྱེ་བའི་མགོན།།
རྒྱལ་བའི་བསྟན་པ་རྒྱས་པར་ཤོག།
རྒྱལ་བསྟན་གྲོལ་ཕུགས་བཙན་པར་ཤོག།
རྒྱལ་གཤེན་རྒྱུད་འཛིན་མང་བར་ཤོག།
རྒྱལ་བ་གཤེན་རབ་མི་བོ་བསྟོད།།
བོན་གཤེན་ཁྱུ་ཚོགས་རྒྱས་པར་ཤོག།།
བོན་གྱི་རྒྱལ་མཚན་འཛུགས་པར་ཤོག།
བོན་བསྟན་མཐའ་ནས་དར་བར་ཤོག།
བོན་འབངས་བོན་ལ་སྤྱོད་པར་ཤོག།
༢༠༡༤-༢-༡༤-བོད་ཟླའི་ཚེས་-༡༥-སྨྲ་སེང་སྒྲུབ་བ་ཆེན་མོ་ཉིན་མཚན་དགུ་ཡི་རིང་དུ་འཚོགས་རྗེས་དི་རིང་སྟེ་རྣམ་མཁྱེན་སྟོན་པའི་འཁྲུང་མཆོད་ཀྱི་དུས་ཁྱད་པར་ཅན་དང་སྐལ་བཟང་མཉམ་འཛོམས་ཉིན་གྱི་ད་ལྟ་འཚོགས་གྲོལ་རྗེས་འཁོར་དུས་ལྔ་པའི་ཐོག་རང་ཤག་ནང་དུ་བྲིས།།