ཁྱུང་བསོད་བློ།
གང་གི་འགྲན་བྲལ་དཔལ་ལྡན་བླ་མ་སྨྲ་དབང་རིག་པའི་སྐུ་མཆེད་ཟླ།།
གང་གསུང་བདེན་གཉིས་ཟུང་དུ་འབྲེལ་བའི་དམུ་རྒྱལ་སྲས་ཀྱི་ཡང་སྲིད་སྤྲུལ།།
གང་འདུལ་གདུལ་བྱའི་ལས་སྐལ་ཟད་རྐྱེན་སྦས་དོན་རིན་ཆེན་ནོར་བུ་བརླགས།།
གང་དགོས་ཕུན་ཚོགས་གོང་དུ་བརྒལ་བའི་གངས་ཕྲུག་ཁྱུང་ཆེན་གཤེཊ་པ་སྐྱོ།།
མཚན་བཟང་མེ་ཏོག་ས་ལ་བཞད་ནས་ཁྱུང་ཆེན་རིག་པའི་ཕྲུ་གུ་དངོས།།
གྱེར་ཆེན་ཚང་གི་གདན་ས་བཟུང་ནས་ལྔ་རིག་སྒྲོ་ཡི་གཤོག་དྲུག་རྒྱས།།
མ་བསླབ་རྟོཊ་པ་སད་ཐེངས་གཅིག་གི་དབྱངས་གསལ་སོ་བཞི་ཧུབ་ཀྱིས་རྔུབ།།
བཟོ་རིགས་བཀོད་པ་ཐུགས་སུ་ཆུད་ནས་སྨྱུ་གུ་གསོན་པོའི་གསོན་ཤུགས་ངོམ།།
དུས་འགྱུར་དྲག་ཆར་ལྡང་ཐེངས་གཅིག་ལ་ཆར་ནག་བཙན་པོའི་ཁྲིམས་སུ་ཚུད།།
གྲངས་མང་ལོ་ལ་རང་དབང་མེད་པར་གཞན་གྱི་ཟེར་སྒྲོས་བསྙེཊ་དགོས་བྱུང་།།
དབང་བསྒྱུར་བཙན་པོའི་ལས་དབང་ཟད་མཚམས་དུས་ཀྱི་ཛྭ་དྲག་འགྱུར་ལྡོག་རྗེས།།
པིར་སྨྱུག་རྩེ་མོ་ཕྱི་ལ་ངོམ་ནས་དབྱངས་གསལ་སོ་བཞིའི་གཏེར་ཁ་སློག།
ཁྱུང་ཆེན་ཟླ་བ་ལྡིང་སྐོར་གཅིག་གིས་ལྔ་རིག་དཔག་བསམ་རྩེ་ལ་འཛེགས།།
དཀར་ནག་གདུལ་བྱ་ཁྲི་མ་འབུམ་ལ་ངེས་འབྱུང་སོན་རྩ་གསར་དུ་བཏབ།།
ཆོལ་གསུམ་སྒང་དྲུག་རིག་པའི་གླིང་ལ་རིག་གནས་ཆེ་ལྔའི་སྒྲོ་གུར་ཕུབ།།
དེ་འདྲའི་བཀའ་དྲིན་དྲན་ཐེངས་རེ་ལ་སེམས་པ་ཁེར་རྐྱང་སྐྱོ་ཐེངས་རེ།།
མི་ངན་ཞིག་གི་ཇུས་ངན་འོག་ཏུ་དུས་ངན་རླུང་གིས་སྤུར་བའི་ཤུལ།།
བྱང་གཞུང་ལྷ་སྡེའི་མ་དགོན་ཆེན་མོ་ཀོ་དགོན་ཞེས་པའི་བླ་མཁར་བཟུང་།།
ཕྱྭ་གཤེན་ཐེག་པའི་མོ་རྩིས་ཕབ་ནས་གསོན་པོའི་གདུལ་བྱ་འདོད་བློ་བསྐང་།།
རྫོགས་ཆེན་ཐེགས་པའི་ཀ་དག་སྐྱོང་ནས་གཤིན་པོའི་རྣམ་ཤེས་རྒྱལ་ས་སྤར།།
བརྒྱ་ལོ་དམར་པོའི་རྔམ་ཁ་འཐུག་པའི་ཕངས་མེད་ནོར་གྱི་ཕྱུག་པོ་དང་།།
སྐར་ལྔའི་སྒྲོ་ལོ་གསེར་ལས་དཀོན་པའི་སྐྲང་པོ་སྐྱ་མགོ་སྣ་རལ་གཉིས།།
གང་གི་མཇལ་ཡང་ཕྱོཊ་རིས་བྲལ་བའི་ཁྱེད་ཀྱིས་མཛད་འཕྲིན་རྣམ་དག་དེས།།
དོན་གྱི་དྲང་པོ་ཐོད་དཀར་སྲས་པོའི་ཡང་སྲིད་དར་མ་ཁྱེད་ཀྱིས་འགྲན།།
གྱེར་གཤེན་དཔའ་བོ་དུ་མའི་མདུན་ནས་བཀའ་ལུང་གད་ལ་རོལ་རྩེད་བསྒྱུར།།
གྱེར་གཤེན་བསྟན་པའི་གཞི་ལམ་འབྲས་གསུམ་ཤ་མར་ཐུད་ཀྱི་འཚོ་རྟེན་བྱས།།
གྱེར་སྤུང་ཚང་གི་སྐུ་ཚབ་ཞུས་ནས་གྱེར་བསྟན་བརླགས་པའི་ཤུལ་རྗེས་འཚོལ།།
གྱེར་མི་ཚོ་ལ་གྱེར་གཤེན་རྒད་པོའི་གནའ་ཤུལ་འོག་གི་གླེག་བམ་སློག།
གསར་རྙིང་གཉིས་ཀྱི་རྫ་འཕྲང་གཤགས་ནས་བདེ་བའི་ཐང་ལ་སླེབས་པའི་རྗེས།།
གཙོ་འཛིན་མཁན་པོ་ཁྱེད་ཉིད་བྱས་ནས་མ་གྲོས་བསམ་པ་གཅིག་མཐུན་ཐོག།
མཁས་གྲུབ་གཉིས་ཀྱི་མིང་དོན་མཚུངས་པའི་ཡོན་ཏན་དགེ་བཤེས་བསྟན་བདག་བསྐོས།།
རྒྱལ་གཤེན་བསྟན་པའི་ཟུང་རྒྱུད་འཆད་ཉན་ཐུཊ་ཀྱིས་དགོངས་ནས་བཤད་སྡེ་བཙུགས།།
བརྒྱ་ལོ་དམར་པོའི་ཡོན་བདག་མཐོང་དུས་ལྷ་མཐོང་འདྲེ་མཐོང་ལབ་མྱོང་མེད།།
གཤིན་པོ་ཕོ་མོའི་གཟི་བྱུར་ཁྲ་བོ་གསེར་གདུང་ཚིག་རྒྱན་རེ་མྱོང་མེད།།
ཞག་གསུམ་བླ་མ་ང་ཡིན་ཟེར་ནས་གཤིན་བྱང་འཐབ་འཛིང་རྒྱག་མྱོང་མེད།།
དྲང་ལམ་བསྙེགས་མཁན་དྲང་བདེན་བླ་མ་ཁྱོད་ཉིད་མ་གཏོགས་ཡོད་རེ་སྐན།།
ཐུགས་ཀྱི་གཤིས་ལ་དྲི་མ་མེད་པས་ཁྱེད་ཐུགས་གངས་དཀར་རི་ལས་དཀར།།
བསྟན་དགྲ་སྟོང་གི་འགུལ་བསྐྱོད་མི་ནུས་ཁྱེད་སྐུ་རི་རྒྱལ་ལས་ཀྱང་བརྟན།།
བླ་མིང་བརྒྱ་ཡིས་ཡོད་ཚད་དཀྲོལ་ཡང་ཁྱེད་གསུང་གདམ་དོན་རྣ་བའི་བཅུད།།
མཉམ་མེད་བླ་མའི་བང་མཛོད་ནང་གི་རིན་ཆེན་རྒྱུ་ཡི་གསེར་སྨྱུག་ཡིན།།
དག་པའི་ཞིག་ལ་བརྡ་རྟགས་འཛུགས་པའི་ཚན་རྩལ་སྤྲུལ་སྐུ་ཁྱེད་ཉིད་མིན།།
རྒྱ་མོ་དར་མའི་ཞབས་ཕྱི་ཞུ་ཡུལ་དཔལ་འབྱོར་སྤྲུལ་སྐུ་དེ་བས་མིན།།
བྱེད་བྱས་ཡེ་སྲིད་གང་ཡང་མིན་པའི་དག་ཞིང་གསར་པ་འགྲིམ་མྱོང་མེད།།
སངས་རྒྱས་ཕྱག་ལག་རྒྱ་མོའི་དབུ་ལ་དལ་བུར་ཕྱག་དབང་གནང་མྱོང་མེད།།
ཐབས་ཇུས་ཆེ་བས་ཞྭ་དཀར་བོན་དང་ས་དགེ་བཀའ་རྙིང་འགྲན་རྩོད་མེད།།
ཀ་དག་ཆེན་པོའི་མདུད་པ་ཁྲོལ་ནས་ཀུན་བཟང་རྒྱལ་ས་སྔ་ཙམ་བཟུང་།།
གདུལ་བྱའི་བློ་ལ་རྟགས་འཛིན་ལྡོག་ཆེད་བཅུ་གཉིས་ལོ་ལ་མྱ་ངན་འདས།།
མི་རྟག་ཚུལ་བསྟན་ཐུགས་ཀྱི་དགོངས་པ་ཀ་དག་བོན་ཉིད་པང་དུ་གཤེགས།།
དམ་པའི་མཛད་འཕྲིན་མཐོང་ཐེངས་རེ་ལ་དག་ཞིང་སེམས་དཔའ་དྲན་ལྷང་ལྷང་།།
དམ་པའི་ཕྱག་བྲིས་འཁྱུག་ཐེངས་གཅིག་གིས་གཞན་ཚོའི་བྲིས་ལག་འདར་སིག་སིག།
དམ་པའི་བླ་དགོན་བཀོད་པ་མཛེས་པས་གཞལ་ཡས་ཁང་ཆེན་ཁྲ་ཆེམ་ཆེམ།།
དམ་པའི་གདུལ་བྱ་ཁྲི་འབུམ་བྱེ་བས་དོན་ཆེན་སྨོན་སྒྲ་འུར་རྡིག་རྡིག།
མཉམ་མེད་བླ་མའི་ཁྱིམ་ཚང་གཅིག་གི་སྨག་རུམ་གསལ་བའི་སྒྲོན་མེ་ཡིན།།
ཁྱུང་སྡེ་ཕྱུག་མོ་བསོད་ནམས་མ་ཟད་བླ་ཆེན་ཁྱེད་ཀྱི་གདུལ་བྱར་གྱུར།།
དད་པའི་སོར་བཅུ་གནམ་དུ་བསྒྲེང་ནས་ཁྱེད་མཚན་བོས་པ་ཐེངས་གཅིག་མིན།།
ཞི་བའི་ས་ནས་ཞི་བར་གཤེགས་ཀྱང་ཐུགས་རྗེ་ཆེན་པོས་གཟིགས་སེ་གཟིགས།།
བླ་སློབ་བར་གྱི་འབྲེལ་བ་ཟབ་མོ་ལས་དབང་བཙན་པོས་དུམ་བུར་བཅད།།
དཀར་ནག་སེར་སྐྱ་ཁྲི་མ་འབུམ་རྣམས་རང་རང་ས་ལ་མིག་ཆུས་བརླན།།
སེམས་ཀྱི་གླུ་སྒྲ་སྒྲ་འཛིན་དབང་པོའི་མགྲོན་པོ་བྱེད་པའི་གོ་སྐབས་བྲལ།།
དག་པའི་ཞིང་ལ་འགྲོ་འདྲེན་སྟོང་གི་སྟོན་པ་ཆེན་པོ་སྐྱེ་བར་ཤོག།
རྩོམ་ཡིག་འདི་ཁྱུང་ཆེན་གཤོགས་རླབས་འདོན་ཐེངས་ལྔ་པ་ཐོག་ཏུ་འཁོད་ཡོད། སྤྱི་ལོ་༢༠-༡༣-༤-༡༥-ཉིན་མོར་སྟེང་དགོན་མཛོད་གྲྭའི་སློབ་གཉེར་བ་བསོད་ནམས་བློ་གྲོས་ནས་རྗེས་དྲན་ཚུལ་དུ་མཇུག་རྫོགས་པར་བྲིས།།