སྐྱ་རེངས་ལགས། ཁྱུང་བསོད་བློ།
ང་ནི་ཁྱེད་དང་འཕྲད་འདོད་ཆེ་ཡང་འཁྱག་དཀར་གྱི་ཁེངས་པའི་ལ་ལུང་དུ་མའི་བསྐལ།། ང་ནི་རྒྱང་རིང་གི་མི་བུ། ཁྱེད་ནི་སྣང་མུན་གཉིས་ཀྱི་ས་མཚམས་སུ་གཞི་ཁྱིམ་བཟུང་སྟེ། མཁའ་དབྱིངས་ཀྱི་ཁ་དབུགས་དྭངས་མ་ལ་འཚོ་བསྡོད་བྱེད་པའི་སྐྱ་རེངས་ཞིག ངེད་གཉིས་དུས་ནམ་ཡང་གཅིག་སེམས་གཅིག་ལ་འཁྲི། གཅིག་བློ་གཅིག་ལ་འགེལ། ངའི་མདུན་ལམ་གྱི་ལམ་བུ་ཐོག་གི་སྨག་ནག་གི་མུན་པ་དེ་ཁྱེད་ཀྱི་ནམ་ཡང་གསལ་བའི་རེ་བ་དང་ཞུ་བཞིན། ཁྱེད་ཀྱིས་དུས་རྟག་ཏུ་ང་ལ་གཟིགས་ནས་མུན་སེལ་གྱི་སྡོང་གྲོགས་མཛད་བཞིན་མཁའ་ལམ་གཤགས་ནས་ཕེབས་རྒྱུ་ཞིག་དང་། ངས་ཞོགས་པ་རེ་ལ་ཁ་ཤར་རིའི་རྩེ་ལ་གཏད་ནས་དར་དཀར་གྱི་བསུ་བ་སྒྲིགས་བཞིན་ལམ་སྟོན་གྱི་རེ་སྒུག་བྱེད་རྒྱུ་གྱིས།
འདི་ནི་ཁྱེད་དུས་ནམ་ཡང་ངའི་ཕྱོགས་སུ་ཕེབས་པའི་ཁ་གཡང་གྱི་རྟེན་འབྲེལ་དང་། ཚན་རྩལ་གྱི་འཕྲིན་རྒྱུད་ཐོག་ནས་ཕུལ་བའི་མཇལ་དར་གྱི་ཐོག་མ་ཡིན། ༢༠༡༣-༡༡-༣ཉིན་བྲིས།